ཀོང་ཤིས་ནན་ཉིང་དུ་ཀྲུང་གོ་དང་ཝེ་ཐེ་ནམ་ཁྲིམས་འཛིན་སྲིད་འཛིན་སྡེ་ཚན་གྱི་མཐའ་མཚམས་མཇལ་འཛོམས་ཐོག་མ་བྱས་པ།
ཟླ་6ཚེས་28དང་29ཉིན། ཀོང་ཤིས་ནན་ཉིང་དུ་ཀྲུང་གོ་དང་ཝེ་ཐེ་ནམ་ཁྲིམས་འཛིན་སྲིད་འཛིན་སྡེ་ཚན་གྱི་མཐའ་མཚམས་མཇལ་འཛོམས་ཐོག་མ་དེ་བྱས་པ་རེད།
ཀྲུང་གོ་དང་ཝེ་ཐེ་ནམ་རྒྱལ་ཁབ་གཉིས་པོའི་ཁྲིམས་འཛིན་པུའུ་དང་འབྲེལ་ཡོད་སྡེ་ཚན་དང་། ཞིང་ཆེན་གྱི་ཁྲིམས་འཛིན་སྲིད་འཛིན་ལས་ཁུངས་ཁག་གཅིག་དང་བཅའ་ཁྲིམས་ལས་རིགས་ཀྱི་འཐུས་མི་150ལྷག་ཙམ་ཞུགས་པ་རེད། ཀྲུང་གོ་ཁྲིམས་འཛིན་པུའི་པུའུ་ཀྲང་ཧོ་རུང་དང་། ཝེ་ཐེ་ནམ་ཁྲིམས་འཛིན་པུའི་པུའུ་ཀྲང་རོན་ཧའེ་ཉིང་། ཀོང་ཤིས་ཀྲོང་རིགས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཀང་བཅས་འགོ་ཚུགས་མཛད་སྒོར་ཞུགས་ནས་ཤིས་ཚིག་སྒྲོན་པ་རེད།
ད་ཐེངས་ཀྱི་མཇལ་འཛོམས་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཝེ་ཐེ་ནམ་ལ་འཚམས་འདྲི་གནང་བའི་གྲུབ་འབྲས་དང་ཀྲུང་གོ་དང་ཝེ་ཐེ་ནམ་རྒྱལ་ཁབ་གཉིས་པོའི་མཉམ་འབྲེལ་གསལ་བསྒྲགས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པའི་དངོས་སྒྲུབ་ཀྱི་བྱ་ཐབས་ཤིག་རེད་ལ། ཁྲིམས་སྐྱོང་ཁྱབ་ཁོངས་སུ་འཐབ་ཇུས་ཀྱི་དོན་སྙིང་ལྡན་པའི་ཀྲུང་གོ་དང་ཝེ་ཐེ་ནམ་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བའི་ཞིབ་ཕྲའི་ལག་ལེན་ཞིག་ཀྱང་རེད། མཇལ་འཛོམས་བྱེད་རིང་། ཀྲུང་གོ་དང་ཝེ་ཐེ་ནམ་གྱི་ཁྲིམས་འཛིན་པུས་མཐའ་མཚམས་མང་ཚོགས་ཀྱི་དམངས་དོན་ཚོང་དོན་གྱི་རྩོད་གཞི་སེལ་སྟངས་སྣ་མང་ལམ་སྲོལ་འཛུགས་པ་དང་། ཁྲིམས་ལུགས་ཞབས་ཞུའི་མཉམ་ལས་རྒྱ་སྐྱེད་དང་གཏིང་ཟབ་ཏུ་གཏོང་བ། བྱང་ཚད་མཐོ་བའི་ཁྲིམས་སྐྱོང་ཤེས་ལྡན་པ་མཉམ་དུ་སྐྱེད་སྲིང་བྱེད་པ་སོགས་ཐད་ངོས་འཛིན་གཅིག་མཐུན་བྱུང་ཡོད། ཀོང་ཤིས་ཀྲོང་རིགས་རང་སྐྱོང་ལྗོངས་ཁྲིམས་འཛིན་ཐིང་གིས་ཝེ་ཐེ་ནམ་ཀོང་ཉིང་ཞིང་ཆེན་དང་། ལེང་ཧྲང་ཞིང་ཆེན། ཀའོ་ཕིང་ཞིང་ཆེན། ཧོ་ཅང་ཞིང་ཆེན་བཅས་ཀྱི་ཁྲིམས་འཛིན་ཐིང་དང་ཀོང་ཤིས་མི་རིགས་སློབ་ཆེན་དང་ཧ་ནོ་དབྱི་བཅའ་ཁྲིམས་སློབ་ཆེན་སོགས་དང་སོ་སོར་མཉམ་ལས་གྲོས་མཐུན་ཡི་གེར་མིང་རྟགས་བཀོད་ཡོད། ཚོགས་ཞུགས་སྐུ་མགྲོན་གྱིས་ཁྲིམས་རྩོད་པའི་ལས་དོན་དང་། འདུམ་འགྲིག་ལས་དོན། རྒྱལ་སྤྱིའི་མཉམ་ལས། དམངས་དོན་ཚོང་དོན་གྱི་ཁྲིམས་འཛིན་གཞོགས་འདེགས། ཁྲིམས་སྐྱོང་ཤེས་ལྡན་པ་གསོ་སྐྱོང་སོགས་ཀྱི་གྲོས་དོན་ལ་དམིགས་ནས་སྤེལ་རེས་དང་བགྲོ་གླེང་གཏིང་ཟབ་བྱས་པར་གྲུབ་འབྲས་བཟང་པོ་ཐོབ་ཡོད།