ལྷ་ས་གྲོང་ཁྱེར་སྙེ་མོ་རྫོང་མི་དམངས་ཁྲིམས་ཁང་གིས།
ཞིང་ནང་དང་མུ་ཁར་ཁྲིམས་ལུགས་ཁྱབ་གདལ་བཏང་བ།
ཉེ་དུས་སྙེ་མོ་རྫོང་མི་དམངས་ཁྲིམས་ཁང་གི་ལས་བྱེད་ཉེན་རྟོག་པས་ཞིང་ནང་དང་མུ་ཁར་བསྐྱོད་དེ་ཁྲིམས་ལུགས་ཁྱབ་གདལ་གཏོང་བའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་དང་། དེའི་དམིགས་ཡུལ་ནི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུང》གཞི་རིམ་དུ་ཁྱབ་གདལ་གཏོང་བར་སྐུལ་འདེད་བཏང་ནས། མང་ཚོགས་ཀྱིས་བཅའ་ཁྲིམས་ལ་བརྟེན་ནས་ཁེ་དབང་ལ་སྲུང་སྐྱོང་བྱེད་པའི་འཇོན་ཐང་ཆེ་རུ་གཏོང་རྒྱུ་དེ་རེད།
བྱེད་སྒོ་སྤེལ་རིང་། ཁྲིམས་རའི་ལས་བྱེད་ཉེན་རྟོག་པས་མང་ཚོགས་ལ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུང》གི་དྲིལ་བསྒྲགས་ལག་དེབ་སྤྲད་པ་མ་ཟད། གཉེན་སྒྲིག་དང་ཁྱིམ་ཚང་དང་། ངལ་རྩོལ་གན་འཇོག ས་ཞིང་རྩོད་གཞི། དམངས་ཁྲོད་བུན་གཡར་སོགས་ཐོན་མང་བའི་བཅའ་ཁྲིམས་ཀྱི་གནད་དོན་ལ་དམིགས་ཏེ་དཔེ་མཚོན་གྱོད་དཔེ་དང་ཟུང་འབྲེལ་གྱིས་འགྲེལ་བཤད་ཡག་པོ་བརྒྱབ་ནས། ཞིང་ནང་དང་མུ་ཁར་ལས་ཀ་བྱེད་བཞིན་པའི་ཞིང་པར་ཁྲིམས་ལུགས་ཁྱབ་གདལ་བཏང་བ་རེད། དེ་དང་ཆབས་ཅིག ལས་བྱེད་ཉེན་རྟོག་པས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གློག་འཕྲིན་དྲ་རྒྱའི་ཁ་བསླུས་ལ་ངོ་རྒོལ་བྱེད་པའི་བཅའ་ཁྲིམས》སོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་དུས་མཉམ་དུ་ཁྱབ་གདལ་བཏང་སྟེ། “གྱོད་དཔེ་དྲངས་ནས་ཁྲིམས་འགྲེལ”བྱས་པ་བརྒྱུད་མང་ཚོགས་ལ་ཁ་བསླུས་ཀྱི་ཉེན་ཁ་སྔོན་འགོག་བྱེད་པར་ཁྲིད་སྟོན་བྱས་པ་རེད། བྱེད་སྒོར་ཁྲིམས་ལུགས་ཁྱབ་གདལ་གཏོང་བའི་དཔྱད་གཞིའི་ཡིག་རིགས་ཁག་40ལྷག་ཙམ་གཤམ་སྤྲོད་བྱས་པ་དང་ས་གནས་ས་ཐོག་ཏུ་མི་ཐེངས་3ལ་བཅའ་ཁྲིམས་བློ་འདྲིའི་ལན་བཏབ་ནས་ཁྲིམས་ལུགས་ཁྱབ་གདལ་དང་ཞིང་བྲེལ་ཐོན་སྐྱེད་གཉིས་ཀ་མ་འཕྱུགས་པ་བྱས་ཡོད།
ད་ཐེངས་ཀྱི་ཁྲིམས་ལུགས་ཁྱབ་གདལ་གཏོང་བའི“སློབ་ཁང”ཞིང་ནང་དུ་སྤོས་པ་ལས། མང་ཚོགས་ཀྱིས་ཞིང་ལས་ཀྱི་བར་གསེང་དུ་བཅའ་ཁྲིམས་ཤེས་བྱ་སློབ་སྦྱོང་བྱེད་ཐུབ་པ་མ་ཟད། ད་དུང་ལས་བྱེད་ཉེན་རྟོག་པ་དང་མང་ཚོགས་དབར་གྱི་སེམས་ཐག་དེ་བས་ཉེ་རུ་ཕྱིན་ཡོད། གྲོང་མི་མི་ཉུང་བ་ཞིག་གིས། ལས་བྱེད་ཉེན་རྟོག་པས་འགྲེལ་བཤད་བརྒྱབ་པ་བརྒྱུད། སླད་ཕྱིན་ཇི་ལྟར་བྱས་ནས་ཁྲིམས་ལྟར་དོན་དངོས་ཀྱི་གནད་དོན་ཐག་གཅོད་བྱ་རྒྱུའི་ཐད་ངོས་འཛིན་གསལ་པོ་བྱུང་ལ་དམངས་དོན་ཁྲིམས་གཞུང་ནི“འཚོ་བའི་ཤེས་བྱ་ཀུན་ཁྱབ”ཡིན་པ་དེ་བས་ཚོར་བྱུང་ཞེས་བཤད།