ཞིང་ལས་མཉམ་ལས་རྒྱ་ཆེ་རུ་དང་དབུལ་པོ་ཉུང་གཏོང་གི་སྤེལ་རེས་ཟབ་ཏུ་བཏང་བ།
འདི་ནི་གསོ་སྦྱོང་འཛིན་གྲྭའི་སློབ་མས་ཧྲའན་ཤིས་ཞིང་ཆེན་ཝུའེ་ནན་གྲོང་ཁྱེར་པའེ་ཧྲུའེ་རྫོང་དུ་གནས་པའི་ནུབ་བྱང་ཞིང་ལས་ནགས་ཚལ་ཚན་རྩལ་སློབ་ཆེན་གྱི་ཀུ་ཤུའི་ཚོད་ལྟའི་ས་ཚིགས་སུ་ལྟ་སྐོར་བྱེད་བཞིན་པ།
འདི་ནི་ཨའེ་ཅུས་ཚོགས་པའི་ཧ་སག་སི་ཐན་གླིང་ཁུལ་གྱི་དུས་ཐེངས་གཉིས་པའི་འཁོར་ཁང་དུ་ས་གནས་དེ་གའི་བཟོ་པས་གྲོ་འཐག་བཞིན་པ།
ཉེ་བའི་ལོ་ཤས་རིང་། ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་དབར་ཞིང་ལས་མཉམ་ལས་ཟབ་པོ་བྱས་ཤིང་། ཞིང་ལས་ཐོན་རྫས་ཉོ་ཚོང་རྒྱུན་ཆད་མེད་པར་རྒྱ་ཆེ་རུ་དང་ཞིང་ལས་ལག་རྩལ་སྤེལ་རེས་ཉིན་རེ་བཞིན་ཟབ་ཏུ་ཕྱིན་ནས་ཨེ་ཤེ་ཡ་དབུས་མའི་ཞིང་ལས་ལོ་ཏོག་གི་ཐོན་འབོར་དང་སྤུས་ཚད་མཐོ་རུ་དང་ཟུར་བསྣན་རིན་ཐང་འཕར་བ་མ་ཟད། ད་དུང་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ཀྱི་མི་སེར་གྱི་གསོལ་ལྕོག་སྟེང་གི་ཟས་རིགས་སྣ་ཁ་ཕུན་སུམ་ཚོགས་སུ་ཕྱིན་ནས་མི་དེ་བས་མང་བ་ཞིང་ལས་འཕེལ་རྒྱས་བརྒྱུད་དབུལ་སྒྲོལ་ཕྱུག་འགྱུར་གྱི་ལམ་བུར་བསྐྱོད་ཡོད།
“ཀྲུང་གོ་ཕྱོགས་དང་མཉམ་ལས་བྱས་ན་ང་ཚོར་ཕན་ཐོགས་ཡོད་ལ་མི་རབས་རྗེས་མར་ཡང་གོ་སྐབས་གཏོད་ཐུབ”
ལོ་བདུན་གྱི་གོང་། མན་ཧྲུའུ་ཁེ་བྱང་ཧ་ཀྲོའུ་ཐ་དབྱིན་ཧྲ་རྫོང་གི་རྫོང་གྲོང་དུ་ཞོར་ལས་བྱེད་སྐབས། ཀྲུང་གོའི་ཞིང་ལས་ཁེ་ལས་ཀྱིས་ལས་མི་བསྡུ་བ་གོ་ཐོས་བྱུང་རྗེས་མིང་ཐོ་བཀོད་པས། ཁོང་དང་ཁྱོ་ག་ལས་ཀར་ཚུད་ནས་ཤིས་ཨན་ཨའེ་ཅུས་ཚོགས་པའི་ཧ་སག་སི་ཐན་གླིང་ཁུལ་གྱི་བཟོ་པར་གྱུར། དེ་གོང་བཟའ་ཟླ་གཉིས་ས་ཆ་མི་འདྲ་བ་གཉིས་སུ་ཞོར་ལས་བྱས་ནས་ལོ་15འགྲོ་གི་ཡོད། ད་ཆ་མན་ཧྲུའུ་ཁེས་རང་ཉིད་ཀྱི་བདེ་སྐྱིད་འཚོ་བ་གླེང་སྐབས་ངོ་གདོང་ལས་འཛུམ་མདངས་འཕྱུར་བཞིན་ཁྱིམ་དང་བཟོ་གྲྭའི་བར་ལམ་ཐག་སྨི་300ལས་མེད་པ་དང་། གླ་ཆ་བརྟན་ལ་འཁོར་ཞག་བསྡད་ཀྱང་གླ་ཆ་ཡོད་པ་མ་ཟད། ལས་ཐག་བཅད་རྗེས་ཕྱུགས་རིགས་ལ་ལྟ་རྟོག་བྱེད་ཐུབ་པ་དང་ད་དུང་ཀྲུང་གོར་ལྟ་སྐོར་དང་སྤེལ་རེས་ལ་སྐྱོད་པའི་གོ་སྐབས་ཀྱང་རག
འབྲུ་དང་པད་ཁའི་མཉམ་ལས་རྣམ་གྲངས་ནི“ཀྲུང་གོ་དང་ཧ་སག་སི་ཐན་གྱི་ཐོན་ནུས་དང་མ་འཇོག་མཉམ་ལས་ཀྱི་གཙོ་གནད་རྣམ་གྲངས་གསལ་ཐོའི”ཁྲོད་ཀྱི་ཞིང་ལས་ལས་སྣོན་རྣམ་པའི་འབྲུ་རིགས་ཀྱི་རྣམ་གྲངས་འབའ་ཞིག་དེ་རེད། མིག་སྔར། ཤིས་ཨན་ཨའེ་ཅུས་ཚོགས་པས་ཧ་སག་སི་ཐན་དུ་སྣུམ་ཚིལ་བཟོ་གྲྭ་དང་། གྲོ་འཐག་འཁོར་ཁང་། གཟན་ཆག་འཁོར་ཁང་། ཐུག་འཐག་འཁོར་ཁང་། ཏུན་ཁྲི་10ཡི་བཀར་འཇུག་ཁང་། ལྕགས་ལམ་ཆེད་སྤྱོད་ལམ་ཐིག་6སོགས་བསྐྲུན་ཡོད། ད་ཆ་ཧ་སག་སི་ཐན་གྱིས་ཐོན་སྐྱེད་བྱས་པའི་གྲོ་ཞིབ་དང་སྣུམ་སོགས་ཐོན་རྫས་ཀྲུང་གོར་ཕྱིར་གཏོང་བྱེད་པ་དང་གཟན་ཆག་དང་སྣུམ་ནག་སོགས་ཐོན་རྫས་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་གཞན་དག་ལ་ཕྱིར་གཏོང་བྱེད་ཀྱི་ཡོད།
“ཀྲུང་གོའི་ཁྲོམ་རའི་བྲིན་ཚོང་བྱེད་ཐབས་གསར་པས་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ཀྱི་ཞིང་ཞོར་ཐོན་རྫས་ཀྱི་གཉེར་སྐྱོང་བའི་བསམ་ཕྱོགས་བསྒྱུར་རྒྱུར་སྣེ་ཁྲིད་ཐུབ་ཡོད”
ཉེ་བའི་ལོ་ཤས་རིང་། ཀྲུང་གོའི་མཐའ་མཚམས་འགག་སྒོའི་ཞིང་ཞོར་ཐོན་རྫས་ཀྱི“ལྗང་མདོག་བགྲོད་ལམ”གྱི་ཁྱབ་རྒྱ་ཆེ་རུ་ཕྱིན་པ་དང་ཆབས་ཅིག ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་དབར་གྱི་ཞིང་ལས་ཐོན་རྫས་ཉོ་ཚོང་རྒྱུན་ཆད་མེད་པར་རྒྱ་ཆེར་ཕྱིན་ཡོད། མིག་སྔར། ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ཀྱི་ཞིང་ལས་བཟའ་བཅའི་ཐོན་རྫས་རིགས་བརྒྱ་ལྷག་ཙམ་ཀྲུང་གོར་ཕྱིར་གཏོང་བྱེད་ཅིང་། ཐ་ཇིག་སི་ཐན་གྱི་ཤིང་ཏོག་འདེབས་མཁན་ཞིང་པ་དེ་བས་མང་བ་ཞིག་ཨ་ཧྲུའུ་ལུའོ་ཧྥུའུ་དང་འདྲ་བར་ཀྲུང་གོའི་ཁྲོམ་ར་ནས་ཚོང་ལས་ཀྱི་གོ་སྐབས་རྙེད།
དྲ་ཐོག་ཚོང་དོན་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་ནས་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་ཞིང་ལས་ཐོན་རྫས་ཉོ་ཚོང་ལ་གསོན་ཤུགས་སྦྱིན་ཡོད། ན་ནིང་ཟླ་དགུ་པར། ཅང་སུའུ་ནན་ཅིང་གྲོང་ཁྱེར་ཤོན་ཝུའུ་ཆུས་སྲིད་གཞུང་དང་ཅང་སུའུ་སུའུ་ཧའོ་ཚོགས་པ་གཉིས་ཀྱིས་མཉམ་དུ་བསྐྲུན་པའི་ཅང་སུའུ་ཨེ་ཤེ་ཡ་དབུས་མའི་ལྟེ་གནས་སྤྱོད་འགོ་ཚུགས་ཏེ། དྲ་ཐོག་ནས་ཐོན་རྫས་བཙོངས་པས་ཧ་སག་སི་ཐན་གྱི་ཚོང་པར་བག་ཆགས་ཟབ་མོ་བཞག་ཡོད། ན་ནིང་ནང་འདྲེན་འགྲེམས་ཚོགས་སྐབས་བདུན་པར་ཧ་སག་སི་ཐན་ཕྱོགས་ཀྱིས་ཐད་གཏོང་ཚོགས་པ་ཧ་སག་སི་ཐན་རྒྱལ་ཁབ་འགྲེམས་ཁང་གི་འགྲེམས་གནས་སུ་གདན་དྲངས་ནས་རྔ་མོང་གི་འོ་མ་དང་ཤིང་ཏོག་གི་ཁུ་བ་སོགས་ཐོན་རྫས་ཐད་གཏོང་བྱས་ཏེ་བཙོངས་ཡོད།
“ཀྲུང་གོའི་དབུལ་པོ་ཉུང་གཏོང་གི་ཉམས་མྱོང་ལ་སློབ་སྦྱོང་གཏིང་ཟབ་བྱས་ན་ང་ཚོས་རང་རྒྱལ་ཁབ་ལ་འཚམ་པའི་དབུལ་པོ་ཉུང་གཏོང་གི་ཇུས་གཞི་བཟོ་རྒྱུར་ཕན་ཐོགས་ཡོད”
“ཀྲུང་གོའི་རིགས་གཅིག་མཁས་ཅན་གྱིས་དངོས་གནས་སྒྲུབ་ཐུབ་སོང”ཞེས་ཨུ་ཟ་བྷེ་ཁི་སི་ཐན་གྱི་སྲིང་བལ་ཞིང་པ་ཨ་པུའུ་ཏུའུ་ལཱ·པེ་ཁེ་མཱ་ཐོ་ཧྥུའུ་ཡིས་སྙིང་དབུས་ནས་བསྔགས་བརྗོད་བྱས།
པེ་ཁེ་མཱ་ཐོ་ཧྥུའུ་ནི་ཀྲུང་གོ་ཕྱོགས་ཀྱི་ལག་རྩལ་ཚོད་ལྟ་བྱེད་མཁན་སྔ་ཤོས་ཀྱི་ཨུ་ཟ་བྷེ་ཁི་སི་ཐན་གྱི་སྲིང་བལ་ཞིང་པའི་གྲས་ཤིག་ཡིན་ཞིང་། 2020ལོར་ཤིན་ཅང་ཐེན་ཡེ་ཆུ་གྲོན་ཆུང་ཆུ་འདྲེན་མ་རྐང་ཚད་ཡོད་ཀུང་སིའི་ཞིབ་འཇུག་གསར་སྤེལ་དོ་དམ་ལྟེ་གནས་ཀྱི་རྣམ་གྲངས་གཙོ་གཉེར་དོ་དམ་པ་དབྱང་ཁའེ་ཝུན་གྱིས་ཁོང་ལ“ཉིན་1000ནང་མུའུ་རེ་ནས་སྲིང་བལ་སྤྱི་རྒྱ་400ཐོན་རྒྱུའི”ཁས་བླངས། ཚོད་ལྟ་བྱས་པ་བརྒྱུད། སྲིང་བལ་གྱི་མུའུ་རེའི་ཐོན་འབོར་སྤྱི་རྒྱ་400ཟིན་པ་མ་ཟད། ད་དུང་ཆུ་གྲོན་ཆུང་ཐུབ་པས། པེ་ཁེ་མཱ་ཐོ་ཧྥུའུ་ཡི་རངས་ཆེན་པོ་བྱུང་།
སྲིང་བལ་ཕྱིར་གཏོང་བྱེད་པ་ནི་ཨུ་ཟ་བྷེ་ཁི་སི་ཐན་གྱི་དཔལ་འབྱོར་གྱི་ཀ་རྟེན་ལྟ་བུའི་ཐོན་ལས་ཀྱི་གྲས་ཡིན་ཞིང་། སྔོན་མ་སྲིང་བལ་གྱི་མུའུ་རེའི་ཐོན་འབོར་སྤྱི་རྒྱ་200ལྷག་ཙམ་ལས་ཟིན་གྱི་མེད་ལ། “གསེར་དཀར་པོ”ཞེས་འབོད་པའི་སྤུས་ལེགས་སྲིང་བལ་གྱིས་ཞིང་པའི་ཡོང་འབབ་འཕར་རྒྱུར་སྣེ་ཁྲིད་གང་ལེགས་མི་ཐུབ།
ཉེ་བའི་ལོ་ཤས་རིང་། ཀྲུང་གོས་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ལ་ཕྱོགས་ནས་དབུལ་པོ་ཉུང་གཏོང་དང་འཕེལ་རྒྱས་སོགས་བརྗོད་དོན་གཙོ་བོར་བྱེད་པའི་བགྲོ་གླེང་འཛིན་གྲྭ་མང་པོ་གཉེར་ཡོད། ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ཀྱི་དཔོན་རིགས་དང་མཁས་དབང་མང་པོས་རིགས་པའི་གཞུང་ལུགས་སློབ་སྦྱོང་དང་ས་གནས་ས་ཐོག་ཏུ་རྟོག་ཞིབ་སོགས་བྱས་ནས་ཀྲུང་གོའི་དབུལ་པོ་ཉུང་གཏོང་གི་ཉམས་མྱོང་སློབ་སྦྱོང་དང་ཤེས་རྟོགས་བྱས་ཡོད། ཁེར་གྷི་སི་ཐན་གྱི་ངལ་རྩོལ་དང་། སྤྱི་ཚོགས་འགན་སྲུང་། གནས་སྤོས་ཡུལ་མི་པུའུ་ཡི་སྔོན་རྩིས་འཆར་འགོད་དང་མ་དངུལ་བསྡུ་སྒྲིལ་སིའི་སི་ཀྲང་ཧཱ་ཏི་ཡཱ·ཏུའུ་མན་ནཱ་ཡེ་ཝ་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ཀྱི་དབུལ་པོ་ཉུང་གཏོང་དང་གྲོང་གསེབ་འཕེལ་རྒྱས་ཀྱི་བགྲོ་གླེང་འཛིན་གྲྭར་ཞུགས་མྱོང་ཡོད་ཅིང་། ཁོང་གིས“ཀྲུང་གོའི་དབུལ་པོ་ཉུང་གཏོང་གི་ཉམས་མྱོང་སློབ་སྦྱོང་གཏིང་ཟབ་བྱས་ཚེ་ང་ཚོས་རང་རྒྱལ་ཁབ་ལ་འཚམ་པའི་དབུལ་པོ་ཉུང་གཏོང་གི་ཇུས་གཞི་བཟོ་རྒྱུར་ཕན་ཐོགས་ཡོད”ཅེས་བརྗོད།