དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • མེ་འཁོར་བབས་ཚུགས་འཁྲུག་ཆ་དོད། དེང་རབས་གྲོང་གསར་རྣམ་པ་མཛེས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-07-01

    སྔོན་ཆད་ཀྱི་སྣེའུ་གྲོང་ཚོ་ཡིན་པ། (དཔྱད་གཞིའི་པར་རིས)

    སྣེའུ་ཁུལ་གསར་གྱི་རྣམ་པ། པར་རིས་སྣེའུ་ཁུལ་གསར་དོ་དམ་ཨུ་ལྷན་ནས་མཁོ་འདོན་བྱས།

    རྟ་མགྲིན་དོན་གྲུབ་ཁྱིམ་གྱི་ཚོམས་ཆེན་གྱི་མངོན་ཆེ་སར་པར་རྙིང་པ་ཆེན་པོ་ཞིག་བཀལ་ཡོད་པ་དེའི་སྣང་བརྙན་ནི་འདི་འདྲ་སྟེ། ཡངས་ཤིང་རྒྱ་ཆེ་བའི་ཐང་གཤོངས་སུ་ས་ཕག་གི་ཁང་པ་ཐར་ཐོར་ལས་གཞན་གང་ཡང་མེད་པ་རེད། རྟ་མགྲིན་དོན་གྲུབ་ཀྱིས་པར་དེར་མཛུབ་མོ་འཛུགས་བཞིན་གསར་འགོད་པར“ཁྱེད་རང་གིས་འདི་ནི་ལྷ་སའི་ས་ཆ་གང་དུ་ཡིན་པ་ཤེས་སམ”ཞེས་འཛུམ་དམུལ་དམུལ་གྱིས་སྐད་ཆ་དྲིས།

    པར་ནང་འཁོད་པའི་ས་ཆ་དེ་ནི་གཞན་གང་ཡང་མིན་པར་དེ་ནི་ཚོང་ལས་དར་ཞིང་རྒྱས་པ་དང་མི་སྣ་དང་རླངས་འཁོར་གྱི་འདུ་འཛི་ཆེ་བའི་དེང་གི་ལྷ་སའི་མེ་འཁོར་བབས་ཚུགས་གནས་ས་སྟེ། སྣེའུ་ཁུལ་གསར་གྱི་སྔོན་ཆད་ཀྱི་རྣམ་པ་རེད། སྐབས་དེ་དུས་ཀྱི་སྣེའུ་གྲོང་ཚོ་དང་རྟ་མགྲིན་དོན་གྲུབ་ཀྱི་ད་ཆའི་ཁྱིམ་གནས་སའི་དབར་བར་ཐག་སྤྱི་ལེ་གསུམ་ལས་མེད་ཀྱང་པར་རྙིང་པ་དེས་བགྲང་བྱ་ཉི་ཤུའི་རིང་ཡར་ངོའི་ཟླ་ལྟར་འཕེལ་རྒྱས་ཕྱིན་པར་དཔང་པོ་བྱེད་ཐུབ།

    1997ལོར་སྐྱེས་པའི་རྟ་མགྲིན་དོན་གྲུབ་ཀྱིས་པར་ནང་གི་རྣམ་པ་དག་གསལ་པོར་ངེས་པ་སྟེ། སྐབས་དེ་དུས་ལྷ་ས་སྐྱིད་ཆུ་ནི་ངོགས་གཉིས་ཀྱི་མི་སེར་གྱི་འགྲོ་འོང་དང་སྤེལ་རེས་ལ་འགོག་རྐྱེན་བཟོ་བའི་འོབས་དོང་ལྟ་བུ་ཡིན་པ་དང་། ཆུ་བོའི་ཕ་རོལ་གྱི་ལྷ་ས་གྲོང་ཁུལ་དུ་འགྲོ་བར་ཕ་མེས་ཚོས་ཐེར་གེར་བརྟེན་ནས་འགྲོ་དགོས་པ་དང་། ཁོང་གི་ཆུ་བོ་སྒྲོལ་བའི་འགྲིམ་འགྲུལ་ཡོ་ཆས་ཀྱང་དུས་ཡུན་རིང་པོ་འགོར་ལ་ཉེན་ཁ་ཆེ་བའི་ཀོ་གྲུ་གཅིག་པུ་དེ་རང་ཡིན། ཡུལ་མི་སྤུན་ཟླ་ཚོ་ཀོ་གྲུར་འཚང་ཁ་བརྒྱབ་ནས་དབུགས་ཀྱང་གཏོང་དཀའ་བར་གྱུར་ལ། མིག་ལམ་དུ་ལང་ལོང་རྒྱུག་པའི་རྦ་རླབས་ལ་ལྟ་བཞིན་གནས་བཟོད་བདེ་པོར་གཏན་ནས་སྡོད་ཐབས་བྲལ། དེ་དུས་བསླབ་གཞིར་འཁོད་པའི“མཛེས་པའི་ཁང་བཟང་དུ་མ་རབ་སྦྲེལ་བ། མེ་ཤུགས་གཅིག་གིས་འཐེན་པ་བྱ་ལྟར་མྱུར། ཡིད་ལ་བསམ་པའི་གནས་སུ་བགྲོད་བྱེད་པའི། མེ་འཁོར་འདི་ཡིས་སྐྱེ་བོའི་རེ་བ་འགྲུབ”ཅེས་པའི་གཡུ་འབྲུག་སྔོན་མོ་ས་ལ་འཁྱུག་པ་ལྟར་གྱི་མེ་འཁོར་ཤར་གཏོང་ཐུབ་ཡོང་སྙམ་པ་ཁོང་གི་བསམ་པའི་ཡུལ་ལའང་འཆར་མྱོང་མེད། 2003ལོར་མེ་འཁོར་བབས་ཚུགས་དངོས་སུ་སྐྲུན་འགོ་ཚུགས་པ་དང་། སློབ་ཁང་འགྲམ་གྱི་མེ་འཁོར་བབས་ཚུགས་ཀྱི་ལས་ཡུལ་དེ་ཁོང་དང་རྩེད་གྲོགས་ཚོའི་རྩེད་མོ་རྩེ་སའི་ཞིང་ཁམས་ལྟ་བུར་གྱུར། མཚན་མོ་ཁྱིམ་དུ་སླེབས་རྗེས་འབྱུང་འགྱུར་གྱི་འཕོ་འགྱུར་ལ་མནོ་བསམ་གཏོང་བ་དང་། ལོ་མང་རེ་སྒུག་བྱེད་པའི་རེ་བའི་ས་བོན་དེ་དྲོ་འཇམ་ཉི་མ་དང་སྦྲང་ཆར་ཟིལ་མས་བསྐྱངས་ཏེ་མྱུ་གུ་འབུས་ནས་མེ་ཏོག་བཞད་འགོ་ཚུགས།

    2006ལོའི་ཟླ་7ཚེས་1ཉིན་ལམ་ཐག་ཧྲིལ་པོར་སྤྱི་ལེ་1956ཟིན་པའི་མཚོ་སྔོན་ཟི་ལིང་ནས་བོད་ལྗོངས་ལྷ་ས་བར་གྱི་མཚོ་བོད་ལྕགས་ལམ་དུ་མེ་འཁོར་དངོས་སུ་ཤར་གཏོང་ཐུབ། དེ་དུས་ལོ་དགུ་ལ་སླེབས་པའི་རྟ་མགྲིན་དོན་གྲུབ་ཀྱི་རྣ་བའི་བུ་གར་རྒྱང་རིང་ནས་གྲགས་པའི་མེ་འཁོར་གྱི་དུང་བརྡ་གསལ་པོར་ཐོས། དེའི་དུས་ན་བྱིས་དུས་སུ་མེ་འཁོར་ལ་སྡོད་འདོད་ཀྱི་བསམ་འདུན་ལམ་སེང་མངོན་འགྱུར་མ་ཐུབ་ཀྱང་། ལྷ་ས་སྐྱིད་ཆུ་འཕྲེད་བཅད་བཏང་བའི་སྣེའུ་ཟམ་ཆེན་བསྐྲུན་པ་དང་བསྟུན་ནས་འཁོར་རིགས་སྣ་ཚོགས་ཀྱང་ལོ་རེ་བཞིན་ཇེ་མང་དུ་སོང་གཤིས། འདྲ་པར་ནང་གི་སྔོན་ཆད་ཀྱི“ཁེར་ཆགས་གླིང་ཕྲན”དེ་ད་གཟོད་གྲོང་ཁུལ་དང་གཞི་གཅིག་ཏུ་སྦྲེལ་བས་ཧ་ཅང་སྟབས་བདེར་མངོན།

    2010ལོར་རྟ་མགྲིན་དོན་གྲུབ་ནང་སའི་བོད་ལྗོངས་འཛིན་གྲྭར་ཡིག་རྒྱུགས་འཕྲོད། སྔོན་མའི་བསླབ་གཞིའི་ནང་གི་མེ་འཁོར་སྐོར་གྱི་སྣང་བརྙན་རེ་རེ་བཞིན་མིག་ལམ་དུ་འཆར་སྐབས། ཁོང་གིས་བསླབ་གཞིའི་ནང་འཁོད་པའི་ནང་དོན་དང་རི་མོ་དག་ནི་དངོས་འབྲེལ་ཡིན་པ་གཞི་ནས་ཤེས། མེ་འཁོར་ནང་ཉིན་གཉིས་ཙམ་སོང་རྗེས་ཁོང་བོད་ལྗོངས་ནས་ས་ཐག་ལེ་དབར་སྟོང་གིས་ཆོད་པའི་ཧྲང་ཧའེ་གྲོང་ཁྱེར་དུ་འབྱོར།

    ཧྲང་ཧའེ་རུ་ལོ་གསུམ་བསྡད་ནས་སླར་ཡང་རང་ཉིད་ལྟེ་ཁྲག་འཕོས་སའི་ཕ་ཡུལ་དུ་ལོག་སྐབས། སྔོན་མའི་ཐོག་དཔང་དམའ་ཞིང་མུན་པ་ནག་པའི་ས་ཕག་ཁང་པ་དག་ཡེ་ནས་མཐོང་རྒྱུ་མེད་པར་འདྲེན་བྱེད་ལམ་དུ་འཆར་བ་ནི་ཡངས་ཤིང་རྒྱ་ཆེ་བའི་ཁྲོམ་གཞུང་དང་། ཚར་དུ་དངར་བའི་ཐོག་བརྩེགས་ཅན་གྱི་ཁང་བཟང་། དེང་རབས་ཅན་གྱི་ལུས་རྩལ་ཁང་། ཚོང་ཟོག་སྣ་བརྒྱའི་ཚོང་ར་སོགས་རེད། གསར་འགོད་པ་དང་བཅས་པ་རྟ་མགྲིན་དོན་གྲུབ་ཀྱི་ཁྱིམ་དུ་ཁ་བརྡ་གློད་པའི་དུས་སུ་ཉི་འོད་ཚོམས་ཆེན་གྱི་སྒེའུ་ཁུང་བརྒྱུད་དེ་འདྲ་པར་རྙིང་པ་དེའི་ཐོག་ཏུ་འཕྲོ་སྐབས། ང་ཚོར་སྔོན་ཆད་དང་ད་ཆ་བསྡུར་བ་ཡག་པོ་བྱེད་དགོས་པའི་བརྡ་གཏོང་བ་དང་ཀུན་ནས་མཚུངས།

    2014ལོའི་ཟླ་8ཚེས་16ཉིན་ལྷ་གཞིས་ལྕགས་ལམ་དུ་མེ་འཁོར་དངོས་སུ་ཤར་གཏོང་ཐུབ་པ་དང་། 2021ལོའི་ཟླ་6ཚེས་25ཉིན་ལྷ་ཉིང་ལྕགས་ལམ་དུ་མེ་འཁོར་ཤར་གཏོང་ཐུབ། རྒྱང་རིང་ལ་བསྲིངས་པའི་ལྕགས་ལམ་རེ་རེ་དང་མེ་འཁོར་ཐེངས་གྲངས་རེ་རེས་གངས་ལྗོངས་ས་མཐོ་མེས་རྒྱལ་གྱི་གྲོང་ཁྱེར་ཁག་དང་སྦྲེལ་བ་དང་། བགྲང་བྱ་ཉི་ཤུའི་གོང་གི་རྟ་མགྲིན་དོན་གྲུབ་ཀྱི་བྱིས་དུས་ཀྱི་མངོན་འགྱུར་དཀའ་བའི་ཕུགས་བསམ་དེ་ད་ཆ་གངས་ལྗོངས་ས་མཐོའི་ཡུལ་མི་ཀུན་གྱི་རྒྱུན་གཏན་གྱི་འཚོ་བར་གྱུར། ད་ཆ་རྟ་མགྲིན་དོན་གྲུབ་ཙམ་མ་ཟད་ཁོང་གི་ཡབ་ཡུམ་གཉིས་ཀྱང་མེ་འཁོར་ལ་བསྡད་ནས་ལེ་དབར་སྟོང་གིས་ཆོད་པའི་ཀོང་ཀྲོའུ་དང་པེ་ཅིང་གྲོང་ཁྱེར་སོགས་སུའང་བསྐྱོད་མྱོང་། དེས་མ་ཚད་ཁོང་གཉིས་པོ“བསྐྱར་དར་རྟགས་ཅན”གྱི་མེ་འཁོར་ལ་བསྡད་ནས་མིག་གི་དགའ་སྟོན་དང་ཡིད་ཀྱི་གསོས་སུ་གྱུར་པའི་ལྷ་ཉིང་ལྕགས་ལམ་ལམ་རྒྱུད་ཀྱི་གྲོང་ཚོའི་རྣམ་པ་གསར་པ་དང་རང་བྱུང་མཛེས་ལྗོངས་དག་ཉམས་སུ་མྱོང་བཞིན་མཆིས།

    2022ལོར། རྟ་མགྲིན་དོན་གྲུབ་གཞིས་རྩེ་གྲོང་ཁྱེར་དུ་ལས་བགོས་བྱུང་། ད་ཆ་ལྷ་གཞིས་ལྕགས་ལམ་ཁོང་གི་ཕ་ཡུལ་ནས་ལས་ཁུངས་སུ་སྐྱོད་པའི་སྦྲེལ་ཟམ་ལྟ་བུར་གྱུར་པ་དང་། མེ་འཁོར་གྱི་བདལ་གླ་ཁེ་ལ་སྟབས་ཧ་ཅང་བདེ་བས་ཁོང་གིས་ཟླ་རེར་གཞིས་རྩེ་ནས་ཕ་ཡུལ་ལྷ་སར་ཐེངས་གསུམ་བཞི་ལོག་ཐུབ་ཀྱི་ཡོད།

    བོད་ཀྱི་ལོ་གསར་སླེབས་རིམ་བཞིན་རྟ་མགྲིན་དོན་གྲུབ་ཀྱིས་ནང་མི་དང་མཉམ་དུ་རི་རྩེར་འཛེགས་ནས་སྔར་སོང་ལ་ཕྱིར་དྲན་དང་མ་འོངས་ལ་རྒྱང་ལྟ་བྱེད་ཅིང་། རི་བོའི་རྩེ་ནས་འདུ་འཛི་ཆེ་བའི་ད་ཆའི་སྣེའུ་ཁུལ་གསར་ལ་ལྟ་སྐབས། ཁོ་པའི་བློ་ཡུལ་དུ་ད་ཆ་ཕ་མ་གཉིས་པོ་ཙམ་མ་ཟད་ཡུལ་མི་སྤུན་མཆེད་ཚོ་འཚོ་བ་ཧ་ཅང་སྐྱིད་པོ་ཡིན་པ་འཆར།

    ལོ་ཟླའི་རྗེས་ཤུལ་གྱིས་ཁེངས་པའི་འདྲ་པར་རྙིང་པ་ཞིག་ལས་འདས་དོན་མང་པོ་ཞིག་གསལ་ལྷམ་མེར་འཆར་བ་དང་། རྒྱང་རིང་དུ་བསྲིངས་པའི་ལྕགས་ལམ་རེ་རེ་ལས་ཡར་ངོའི་ཟླ་ལྟར་འཕེལ་རྒྱས་འགྲོ་བའི་ཕ་ཡུལ་གྱི་འགྱུར་ལྡོག་དང་མི་ཚེའི་འགྲུལ་བཞུད་རིང་མོར་གཡབ་མོ་བྱེད་པ་ལྟར་དུ་སྣང་། སྔོན་ཆད་ཀོ་གྲུར་བསྡད་དེ་ལྷ་ས་སྐྱིད་ཆུ་སྒྲོལ་བའི་དངངས་སྐྲག་དང་། དེང་གི་བརྟན་བགྲོད་རྒྱང་སྐྱོད་ཀྱི་མེ་འཁོར་བར་དང་། དེ་ནས་རྟ་མགྲིན་དོན་གྲུབ་ཀྱི་འཚར་ལོངས་བརྒྱུད་རིམ་བཅས་ཀྱི་བར་ནི་ལྷ་ས་སྣེའུ་ཁུལ་གསར་ཙམ་མ་ཟད། ཐ་ན་བོད་ལྗོངས་ཧྲིལ་པོ་དུས་རབས་འཕེལ་རྒྱས་ཀྱི་རླབས་རྒྱུན་ཁྲོད་ཡར་ངོའི་ཟླ་ལྟར་འཕེལ་རྒྱས་བྱུང་བའི་མཚོན་བྱེད་གསོན་ཉམས་དོད་པོ་ཞིག་རེད། འདྲ་པར་རྙིང་པ་ལས་མངོན་པ་ནི་སྔོན་ཆད་ཀྱི་རྣམ་པ་ཙམ་མ་ཟད། འཕོ་འགྱུར་རླབས་པོ་ཆེའི་དབུ་ཁྱུད་བརྩམས་པ་ཞིག་དེ་བས་ཀྱང་ཡིན། སྒེའུ་ཁུང་གི་ཕྱི་རོལ་ནས་ཐག་རིང་དུ་བཞུད་པའི་མེ་འཁོར་གྱིས་རྟ་མགྲིན་དོན་གྲུབ་དང་འདྲ་བའི་ཡུལ་མི་དེ་བས་མང་བའི་ཕུགས་འདུན་རུམ་དུ་བཅུག་སྟེ་འབྱུང་འགྱུར་གྱི་ཕྱོགས་སུ་བསྐྱོད་པར་སྣེ་འདྲེན་བྱེད་པ་དང་ཀུན་ནས་མཚུངས་སོ།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།