འཛམ་གླིང་ལ་བོད་ལྗོངས་ངོ་མ་ཞིག་བསྟན་པ།
རྒྱལ་ཁབ་8ཀྱི་འཐུས་མི་ཚོགས་པ་ཉིང་ཁྲི་དང་ལྷ་སར་བསྐྱོད་པའི་སྐོར་བཀོད་པ།
ཟླ་6ཚེས་24ནས་26ཉིན་བར། ཨུ་རུ་སུ་དང་། སུའེ་ཙེར། མོང་གོལ་རྒྱལ་ཁབ། རི་པིན། ཐེ་ལན། རྒྱ་གར། ནེ་པ་ལ། སི་རི་ལན་ཁ་བཅས་རྒྱལ་ཁབ་8ཀྱི་སྨྱན་སྦྱོར་ལས་རིགས་དང་རིག་གཞུང་ཁྱབ་ཁོངས་ཀྱི་འཐུས་མི་ལས་གྲུབ་པའི་འཐུས་མི་ཚོགས་པ་ཉིང་ཁྲི་གྲོང་ཁྱེར་དང་ལྷ་ས་གྲོང་ཁྱེར་དུ་བསྐྱོད་དེ། སྲོལ་རྒྱུན་རིག་གནས་སྲུང་སྐྱོང་དང་དེང་རབས་རྨང་གཞིའི་སློབ་གསོ་འཕེལ་རྒྱས། དེ་བཞིན་སྲོལ་རྒྱུན་གྱི་གསོ་རིག་རྒྱུན་འཛིན་བཅས་ཀྱི་ཐད་ས་ཡུལ་དངོས་སུ་ལྟ་སྐོར་སློབ་སྦྱོང་དང་སྤེལ་རེས་བྱས་པ་རེད།
ཉིང་ཁྲི་གྲོང་ཁྱེར་དུ། འཐུས་མི་ཚོགས་པས་སྨན་གླིང་གྲོང་ཁྱེར་ཆབ་ནག་ཤང་ཤེལ་དཀར་གྲོང་ཚོའི་དུད་ཁྱིམ་དུ་བསྐྱོད་ནས་བཅར་འདྲི་བྱས་པ་དང་ཆབས་ཅིག ཞིང་འབྲོག་པའི་ཁྱིམ་ཚང་གི་འཚོ་བར་ཉམས་ལེན་བྱས་པ་རེད། བོད་ཀྱི་མང་ཚོགས་ཚོའི་སེམས་རྩ་འཁོལ་པོ་དང་། ཁྱད་དུ་འཕགས་པའི་སྲོལ་རྒྱུན་རྒྱན་གོས་བཟོ་རྩལ། ཁྱད་ལྡན་ཞིམ་ཟས་ཀྱི་ཐུན་མིན་བྲོ་བ་བཅས་ལས་འཐུས་མི་ཚོགས་པའི་ཁོངས་མིར་བག་ཆགས་ཟབ་མོ་བཞག་ཡོད། སུའེ་ཙེར《འཛམ་གླིང་གཟའ་འཁོར་དུས་དེབ》ཀྱི་ཆེད་སྒྲིག་ལེ་ཚན་གྱི་གསར་འགོད་པ་ཁའེ་ཅཱ་ཡིས“འདི་གའི་རང་བྱུང་མཛེས་ལྗོངས་ཧ་ཅང་བཟང་ལ། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་རྣམ་པ་ཧང་སངས་དགོས་པ་ཞིག་འདུག བོད་ཀྱི་མི་དམངས་ཚོའི་སེམས་རྩ་འཁོལ་པོ་ལས་ངའི་སེམས་པ་ཚ་སོབ་སོབ་ཆགས་སོང་། ཁོང་ཚོའི་སྲོལ་རྒྱུན་རྒྱན་གོས་དང་རིག་གནས་ཀྱི་ཉིད་བཅུད་མི་དེ་བས་མང་བས་རྒྱུས་ལོན་བྱེད་དགོས་ངེས་རེད”ཅེས་བཤད། འཐུས་མི་ཚོགས་པས་ད་དུང་བོད་ཤོག་ལས་སྣོན་བཟོ་གྲྭ་དང་མཁའ་ལྡིང་ལུང་ཤུར་མཛེས་ལྗོངས་ཁུལ་དུ་ལྟ་སྐོར་བྱས་པ་རེད།
ལྷ་སར་འབྱོར་རྗེས། འཐུས་མི་ཚོགས་པས་དང་ཐོག་དངོས་ལྗོངས་ཟློས་གར་ཆེ་གྲས《ཝུན་ཤིང་ཀོང་ཇོ》བལྟས་ཏེ་སྒྱུ་རྩལ་གྱི་ལམ་ནས་བོད་རྒྱ་རིག་གནས་མཉམ་འདྲེས་ཀྱི་ལོ་རྒྱུས་འཕེལ་རིམ་མྱོང་ལེན་བྱས་པ་དང་། དེ་རྗེས་ཕོ་བྲང་པོ་ཏ་ལ་དང་ལྷ་ལྡན་གཙུག་ལག་ཁང་དུ་ལྟ་སྐོར་བྱས་ཏེ་བོད་བརྒྱུད་ནང་བསྟན་རིག་གནས་དང་བོད་ཀྱི་བཟོ་བཀོད་སྒྱུ་རྩལ་གྱི་ཐུན་མོང་མ་ཡིན་པའི་ངོ་མཚར་ཉམས་སུ་མྱངས་པ་རེད།
ལྷ་ས་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང(སློབ་གསོ་གྲོང་སློབ་ཁུལ)དུ། དེང་རབས་ཅན་གྱི་སློབ་ཁྲིད་སྒྲིག་བཀོད་དང་ཕུན་སུམ་ཚོགས་པའི་སློབ་གསོའི་ཐོན་ཁུངས་ལ་འཐུས་མི་ཚོགས་པ་དོ་སྣང་ཆེན་པོ་བྱུང་ཡོད། མིག་མངས་སློབ་ཚན་འཚོག་སྐབས་རི་པིན་ཐོ་ཀྲེ་སློབ་ཆེན་ཕྱི་རྒྱལ་ལས་དོན་ཞིབ་འཇུག་ཁང་གི་དགེ་རྒན་ཆེ་མོ་བ་ཧྥུའུ་པན་ཚུང་གིས་ལོ་རིམ་ལྔ་པའི་འཛིན་གྲྭ་བཅུ་གསུམ་པའི་སློབ་མ་བསྟན་འཛིན་སྙན་གྲགས་ལ་མིག་མངས་ཀྱི་རྩེད་སྟངས་དྲིས་རྗེས་ཁོ་པ་དང་འགྲན་བསྡུར་བྱས། དེ་རྗེས། འཐུས་མི་ཚོགས་པས་བོད་ཡིག་ཡིག་གཟུགས་སློབ་ཚན་དང་། སྒྲ་སྙན་སློབ་ཚན། ལག་ཤེས་སློབ་ཚན་སོགས་ཉན་པ་མ་ཟད། སློབ་མའི་ཉལ་ཁང་ལ་ལྟ་སྐོར་ཡང་བྱས་པ་རེད།
བོད་ལྗོངས་གསོ་རིག་སློབ་ཆེན་དང་དེའི་ཞོར་གཏོགས་སྨན་ཁང་དུ། འཐུས་མི་ཚོགས་པའི་ཁོངས་མིས་བོད་ལུགས་གསོ་རིག་རྒྱུན་འཛིན་དང་གསར་གཏོད་ལ་རྒྱུས་ལོན་བྱས་པ་མ་ཟད། བོད་ལུགས་གསོ་རིག་གི་རྩ་བརྟག་ནད་དཔྱད་བྱེད་སྟངས་ཀྱང་ཉམས་ལེན་བྱས་པ་རེད། བོད་ལུགས་གསོ་རིག་གི་སྨན་པས་རྩ་བརྟག་པ་དང་ལྕེ་དྲེག་ལ་ལྟ་བ་སོགས་བརྒྱུད་བོད་ལུགས་གསོ་རིག་གི་རིགས་གཞུང་ཐོག་ནས་ཁོངས་མི་ཚོར་གཟུགས་གཞིའི་ཁྱད་པར་དང་བདེ་ཐང་གི་གནས་ཚུལ་དབྱེ་ཞིབ་བྱས་པ་དང་འབྲེལ། རང་སོའི་ཁྱད་ཆོས་ལྡན་པའི་ལུས་པོ་གསོ་སྟངས་ངོ་སྤྲོད་ཀྱང་བྱས་པ་རེད། མོང་གོལ་རྒྱལ་ཁབ་ཚན་རིག་ཁང་རྒྱལ་སྤྱིའི་གནད་དོན་ཞིབ་འཇུག་ཁང་གི་ཀྲུང་གོའི་ཕྱོགས་ལ་ཞིབ་འཇུག་བྱེད་མཁན་པཱ་ཐེར་རྡོ་རྗེས། བོད་ཀྱི་རིག་གནས་ཀྱི་རྒྱ་ཆེ་ལ་གཏིང་ཟབ་པའི་ནང་དོན་དང་བོད་ལུགས་གསོ་རིག་གི་ཐུན་མོང་མ་ཡིན་པའི་རིན་ཐང་ནི་བརྩི་མཐོང་བྱེད་འོས་པའི་གཅེས་ནོར་ཞིག་རེད་ཅེས་བརྗོད།
ལྟ་སྐོར་བྱེད་རིང་། འཐུས་མི་ཚོགས་པའི་ཁོངས་མིས་བོད་ཀྱི་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་ཁས་ལེན་ཡང་ཡང་བྱས་པ་མ་ཟད། ནུབ་ཕྱོགས་སྨྱན་སྦྱོར་ལ་དྲང་བདེན་མིན་པའི་འཕྲིན་སྤེལ་དག་བཅོས་བྱེད་དགོས་པའི་འབོད་སྐུལ་ཡང་བྱས་པ་རེད། ཁའེ་ཅཱ་ཡིས“ངས་མིག་མཐོང་ལག་ཟིན་བྱུང་བའི་བོད་འདི་ནུབ་ཕྱོགས་སྨྱན་སྦྱོར་གྱིས་བརྗོད་པ་དང་རྦད་དེ་འདྲ་ཡི་མི་འདུག འདི་གའི་རང་བྱུང་ཁོར་ཡུག་དང་། མི་ཆོས་རིག་གནས། འཕེལ་རྒྱས་ཀྱི་གྲུབ་འབྲས་བཅས་མི་རྣམས་ཡིད་སྨོན་སྐྱེ་འོས་པ་ཞིག་འདུག ངས་རང་ཉིད་ཀྱིས་དངོས་སུ་མཐོང་བ་དང་རྒྱུས་ལོན་བྱུང་བའི་བོད་ལྗོངས་ཤིག་ཀློག་པ་པོར་བརྒྱུད་བསྒྲགས་ཇི་མ་ཇི་བཞིན་བྱེད་ཀྱི་ཡིན”ཞེས་བཤད། ཧྥུའུ་པན་ཚུང་གིས“བོད་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་ཆུ་ཚད་སྔོན་དཔག་ལས་ཧ་ཅང་གིས་མཐོ་བ་འདུག གློག་ཆེན་དྲ་རྒྱ་ཐག་རིང་ལུང་ཁུག་ཏུའང་ཁྱབ་པ་དེ་ཐོག་ནས་སྲིད་གཞུང་གིས་དམངས་འཚོ་དང་འཕེལ་རྒྱས་ལ་མཐོང་ཆེན་བྱེད་ལུགས་མཚོན་ཡོད། ཐོས་པ་བརྒྱ་ལས་མིག་མཐོང་གཅིག་དགའ་ཟེར་བ་ལྟར། ནུབ་ཕྱོགས་སྨྱན་སྦྱོར་གྱིས་ཕྱོགས་ཞེན་གྱི་ལྟ་ཚུལ་དོར་ནས་འཛམ་གླིང་ལ་བོད་ལྗོངས་ངོ་མ་ཞིག་སྟོན་དགོས”ཞེས་བཤད།
ད་ཐེངས་ཀྱི་ལྟ་སྐོར་བྱེད་སྒོའི་རིང་ས་ཡུལ་དངོས་སུ་བཅར་འདྲི་དང་སྤེལ་རེས་གཏིང་ཟབ་བྱས་པ་བརྒྱུད། རྒྱལ་སྤྱིའི་སྤྱི་ཚོགས་ལ་མི་དམངས་བདེ་སྡོད་ལས་བརྩོན་དང་། རིག་གནས་རྒྱུན་འཛིན། སློབ་གསོ་གསར་གཏོད། གསོ་རིག་འཕེལ་རྒྱས་བཅས་ཀྱི་ཁྲོད་བོད་ལ་ཐོབ་པའི་གྲུབ་འབྲས་སྣ་མང་བསྟན་ཡོད། འཐུས་མི་ཚོགས་པའི་ཁོངས་མིས་སྨྱན་སྦྱོར་དང་རིག་གཞུང་གི་ཐབས་ལམ་བརྒྱུད་འཛམ་གླིང་ལ་ཇི་མ་ཇི་བཞིན་དང་། གང་ས་ཅི་ཐད། གསོན་ཤུགས་ཀྱིས་ཕྱུག་པ་བཅས་ཀྱི་བོད་ལྗོངས་ཤིག་བསྟན་ཏེ། རིག་གནས་མི་འདྲ་བའི་དབར་གྱི་བསམ་ཤེས་དང་མཉམ་ལས་ལ་སྐུལ་འདེད་གཏོང་བར་སྟོབས་ཤུགས་སྐྱེས་སུ་འབུལ་གྱི་ཡིན་ཞེས་བཤད་པ་རེད།