དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རྒྱ་གར་སྨྱན་སྦྱོར་གྱི་གསར་འགོད་པའི་ཚོགས་པས་བོད་ལྗོངས་སུ་ལྟ་སྐོར་བཅར་འདྲི་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-07-01

    ཟླ་6ཚེས་24ནས་26ཉིན་བར། རྒྱ་གར་སྨྱན་སྦྱོར་གྱི་གསར་འགོད་པ་12ལས་གྲུབ་པའི་ལྟ་སྐོར་བཅར་འདྲི་ཚོགས་པས་རང་ལྗོངས་སུ་ལྟ་སྐོར་འཚམས་འདྲིར་ཡོང་སྟེ། བོད་རང་སྐྱོང་ལྗོངས་ཀྱི་རྨང་གཞིའི་སློབ་གསོ་དང་། སྒྱུ་རྩལ་གསར་རྩོམ། རིག་གནས་རྒྱུན་འཛིན་བཅས་ཀྱི་གནས་ཚུལ་ལ་རྒྱུས་ལོན་གཏིང་ཟབ་བྱས་པ་དང་འབྲེལ། 2025ལོར་ཀྲུང་གོའི་བོད་ལྗོངས་ཀྱི་གནས་རི་དང་ལྷ་མཚོར་གནས་མཇལ་ལ་ཡོང་མཁན་རྒྱ་གར་གྱི་གནས་མཇལ་བ་ཁག་དང་པོར་ས་ཡུལ་དངོས་ནས་བཅར་འདྲི་བྱས་པ་རེད།

    ལྷ་ས་གྲོང་ཁྱེར་སློབ་འབྲིང་བརྒྱད་པར། རྒྱ་གར་སྨྱན་སྦྱོར་གྱི་གསར་འགོད་པས་སློབ་གྲྭའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་གནས་ཚུལ་ལ་ལྟ་སྐོར་བྱས་ཏེ། བོད་ཀྱི་སློབ་གསོའི་ལག་ལེན་དང་། ལྷག་པར་དུ། བོད་སྐད་ཡིག་སློབ་ཁྲིད་ཀྱི་གནས་ཚུལ་ལ་རྒྱུས་ལོན་གཏིང་ཟབ་བྱས་པ་རེད། རྒྱ་གར་སྨྱན་སྦྱོར་གྱི་གསར་འགོད་པས་རང་ལྗོངས་ཀྱི་སློབ་གྲྭ་འབྲིང་ཆུང་དུ་ཕྱོགས་བསྡུས་བྱང་ཚད་སློབ་གསོ་སྤེལ་སྟངས་དང་ནུས་ཆེའི་དོ་དམ་མ་ལག དེ་བཞིན་ཆ་ལག་ཚང་བའི་སློབ་ཁྲིད་སྒྲིག་ཆས་བཅས་ཁྱབ་གདལ་བཏང་བར་ཚད་མཐོའི་གདེང་འཇོག་བྱས་པ་རེད། ལྟ་སྐོར་བཅར་འདྲི་མཇུག་འགྲིལ་རྗེས། ཧིན་རྡུའི་ཆོས་པའི་ཚགས་པར་གྱི་ཕྱི་དོན་རྩོམ་སྒྲིག་པ་སུའུ་ཧཱ་ཤིས་ཉི·ཧའེ་ཏར་གྱིས“སློབ་གྲྭའི་སློབ་ཁྲིད་བྱེད་སྟངས་འདི་རིགས་ཀྱིས་སློབ་མ་མང་པོར་རིག་ཚན་སྣ་མང་གི་སློབ་གསོ་མཁོ་འདོན་བྱས་འདུག”ཅེས་བརྗོད།

    བོད་ལྗོངས་ཐང་གའི་སྒྱུ་རྩལ་གླིང་དུ། ཐང་གའི་སྒྱུ་རྩལ་གྱི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་ལས་རྒྱ་གར་སྨྱན་སྦྱོར་གྱི་གསར་འགོད་པ་ཧང་སངས་ཤིང་། ཐང་ག་བཞེངས་རྩལ་ལ་རྒྱུས་ལོན་ཞིབ་ཕྲ་བྱས་རྗེས་ཀྲུང་གོའི་བོད་ལྗོངས་ཀྱི་ཐང་གའི་སྒྱུ་རྩལ་རིག་གནས་ཀྱི་རྨང་གཞི་ཟབ་མོར་བསྔགས་བརྗོད་ཚད་མེད་བྱས། དེང་གི་རྒྱ་གར་གསར་འགྱུར་འཕྲིན་ལམ་གྱི་གསར་འགོད་པ་སེ་ཝེ་ཐཱ·ཤིང་ཀེ་ཡིས“ཐང་ག་ཚང་མ་ལས་ལྷ་འབྲི་བའི་ཁྱད་དུ་འཕགས་པའི་སྒྱུ་རྩལ་གྱི་བསམ་བློ་མངོན་ཡོད། ང་ཚོ་འདི་གར་སྡོད་རིང་གི་སྐར་ཆ་རེ་རེར་མཛེས་དཔྱོད་རིག་པའི་རིན་ཐང་གིས་ཁེངས་འདུག”ཅེས་བརྗོད།

    ད་ལོ་ནི་ཀྲུང་གོ་དང་རྒྱ་གར་རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་75འཁོར་བའི་ལོ་རེད། ཀྲུང་གོ་དང་རྒྱ་གར་ཕྱོགས་གཉིས་པོའི་དབར་གྲུབ་པའི་ཐུན་མོང་གི་ངོས་འཛིན་ལྟར་ན། རྒྱ་གར་གྱི་གནས་མཇལ་བ་ཀྲུང་གོའི་བོད་ལྗོངས་ཀྱི་གནས་རི་དང་ལྷ་མཚོར་གནས་མཇལ་ལ་བསྐྱོད་རྒྱུ་ད་ལོའི་དབྱར་དུས་སུ་སླར་གསོ་བྱ་རྒྱུ་རེད། མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་དུ་རྒྱ་གར་སྨྱན་སྦྱོར་གྱི་གསར་འགོད་པར་བོད་ཀྱི་རང་བྱུང་མཛེས་ལྗོངས་དང་མི་ཆོས་རིག་གནས་ལས་མྱོང་ཚོར་ཟབ་མོ་བྱུང་བ་མ་ཟད། 2025ལོར་ཀྲུང་གོའི་བོད་ལྗོངས་ཀྱི་གནས་རི་དང་ལྷ་མཚོར་གནས་མཇལ་ལ་འགྲོ་མཁན་རྒྱ་གར་གྱི་གནས་མཇལ་བ་ཁག་དང་པོར་ས་ཡུལ་དངོས་སུ་བཅར་འདྲི་ཡང་བྱས་པ་རེད། རྒྱ་གར་སྨྱན་སྦྱོར་གྱི་གསར་འགོད་པས། ལོ་5ཡི་རྗེས་སུ་རྒྱ་གར་གྱི་གནས་མཇལ་བ་ཀྲུང་གོའི་བོད་ལྗོངས་ཀྱི་གནས་རི་དང་ལྷ་མཚོར་གནས་མཇལ་ལ་བསྐྱོད་རྒྱུ་སླར་གསོ་བྱས་པ་དེར་དོན་སྙིང་ཆེན་པོ་ལྡན་ཡོད། ཀྲུང་གོ་སྲིད་གཞུང་ནས་འགན་ལེན་རང་བཞིན་གྱི་བྱ་ཐབས་རབ་དང་རིམ་པ་བཏོན་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། སླད་ཕྱིན་རྒྱ་གར་གྱི་གནས་མཇལ་བ་སྔར་བས་མང་བ་ཀྲུང་གོའི་བོད་ལྗོངས་སུ་ལྟ་སྐོར་ལ་ཡོང་སྟེ་མི་ཆོས་རིག་གནས་སྤེལ་རེས་ཟབ་ཏུ་རྒྱུན་མཐུད་གཏོང་རྒྱུའི་རེ་བ་ཡོད་ཅེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།