དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོ་དང་ཨ་ཧྥེ་རི་ཁས་ཐོན་ལས་འཁོར་འབྲེལ་མཉམ་ལས་ལ་བརྟེན་ནས་འཕེལ་རྒྱས་ཀྱི་ལམ་བུ་བསྐྲུན་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     རྩོམ་པ་པོ།  ལི་ཀྲུའོ་ཆུན་དང་། ཞུས་ཅ་ཐུང་། ཞུས་རུའེ་ཆིང་།   |     སྤེལ་དུས།  2025-06-30

    འདི་ནི་2025ལོའི་ཟླ་5ཚེས་30ཉིན་ཁོ་ཐེ་ཏི་ཝོའི་ཧྲེང་ཕེ་ཏེ་ལུའོ་ཞིང་ཆེན་གྱི་ཏཱ་པེ་ལེ་པི་གྲོང་རྡལ་ནས་པར་བརྒྱབ་པའི་ཀྲུང་གོའི་ཁེ་ལས་མེ་ལན་ཚོགས་པས་ཐོན་སྐྱེད་བྱེད་པར་རྩིས་སྤྲད་པའི་སྤོས་འགྱིག་ལས་སྣོན་བཟོ་གྲྭ་ཡིན་པ།

    འདི་ནི་ཟླ་3ཚེས་28ཉིན། མ་ཏ་ཀ་སི་ཁར་གྱི་རྒྱལ་ས་ཐ་ན་ན་རི་ཝོའི་ནང་སོག་ལུའུ་ཝང་ཁུ་ལུ་ཚད་ཡོད་ཀུང་སིའི་མ་ཏ་ཀ་སི་ཁར་གྱི་བཟོ་གྲྭར་ཀྲུང་གོའི་ལས་མིས་ཡུལ་དེ་གའི་བཟོ་པར་ལག་རྩལ་སློབ་བཞིན་པ།

    འདི་ནི་ཟླ་6ཚེས་3ཉིན། ཁེན་ནེ་ཡའི་མུའུ་ལུའོ་ལུང་ཀེ་ཆིའི་ཝེ་ཁྲོང་བརྙན་འཕྲིན་བཟོ་གྲྭར་བཟོ་པ་ཞིག་གིས་ཐོན་སྐྱེད་ལས་སྟེགས་ཐོག་ལས་ཀ་བྱེད་བཞིན་པ།

    འདི་ནི་ཟླ་5ཚེས་22ཉིན། རུ་ཝང་ཏའི་ཅ་ཧྲའོ་ལཱ་ཞིང་རར་ཤང་ནུང་རྒྱལ་སྤྱིའི་ཨ་ཧྥེ་རི་ཁའི་ཚོད་དོན་འཐུས་མིས་ཡུལ་དེ་གའི་ཞིང་ལས་ལག་རྩལ་པ་དང་མཉམ་དུ་སུར་པན་གྱི་སྐྱེ་འཚར་ལ་ལྟ་བཞིན་པ།

    ད་ཕན་ལོ་ཤས་རིང་། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་དཔལ་འབྱོར་ཚོང་དོན་མཉམ་ལས་ལ་འཕེལ་རྒྱས་གསར་པ་རྒྱུན་ཆད་མེད་པར་བྱུང་ཡོད། 2024ལོར་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ཚོང་དོན་དངུལ་འབོར་ཨ་སྒོར་དུང་ཕྱུར་2955.6ལྷག་ཙམ་ཟིན་ནས་4.8%འཕར་བ་དེས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་དེ་ཀྲུང་གོ་དེ་ཉིད་ལོ་16བསྟུད་མར་ཨ་ཧྥེ་རི་ཁའི་ཚོང་དོན་རོགས་ཟླའི་རྒྱལ་ཁབ་ཆེ་གྲས་ཨང་དང་པོའི་གནས་བབ་ཏུ་བརྟན་པོར་གནས་ཡོད། མིག་སྔར“རོགས་ཟླའི་བྱ་སྤྱོད་ཆེན་པོ་བཅུའི”ཁྲིད་སྟོན་འོག་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ཁེ་ལས་ཀྱིས་ཐོན་ལས་འཁོར་འབྲེལ་ཧྲིལ་པོར་མཉམ་ལས་གཏིང་ཟབ་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་བཏང་ཐོག ཨ་ཧྥེ་རི་ཁའི་དཔལ་འབྱོར་རྒྱུན་མཐུད་འཕེལ་རྒྱས་འགྲོ་བར་སྒུལ་ཤུགས་སྣོན་བཞིན་ཡོད།

    རང་བརྟེན་ཐོན་སྐྱེད་ཀྱི་སྒུལ་ཤུགས་གསར་པ་གཏོད་པ།

    ཟླ་6པའི་ཁོ་ཐེ་ཏི་ཝོའི་དཔལ་འབྱོར་རྒྱལ་ས་ཨ་པི་རང་ནུབ་བྱང་རྒྱུད་ཀྱི་PK24བཟོ་ལས་གླིང་དུ་ཁོ་ཁོ་ཏོའུ་སྲན་མ་བྱུར་བུར་བླུགས་པའི་ལྗིད་ཐེག་རླངས་འཁོར་གྲལ་སྟར་བསྒྲིཌ་ཤིང་། ཐལ་མདོག་གི་བཟོ་ཁང་ནང་ཀྲུང་གོའི་བཟོ་སྐྲུན་པས་ཁོ་ཐེ་ཏི་ཝོར་གྱི་བཟོ་པ་དང་མཉམ་དུ་བརྒྱུད་སྐྱེལ་སྒྲིག་ཆས་སྙོམས་སྒྲིག་ཚོད་ལྟ་བྱེད་བཞིན་ཡོད་པ་དང་མཁའ་རླུང་ནང་ཁོ་ཁོའི་ཏོའུ་སྲན་མ་སྲོ་སྐམ་བཏང་བའི་དྲི་ཞིམ་གྱིས་ཁེངས།

    ཀྲུང་གོའི་ཁེ་ལས་ཀྱིས་བསྐྲུན་འགན་འཁུར་བའི་ཁོ་ཐེ་ཏི་ཝོར་གྱི་གཞུང་ཁོངས་དེང་རབས་ཅན་གྱི་ཁོ་ཁོ་ལས་སྣོན་བཟོ་གྲྭ་དང་པོ་དེའི་རྒྱ་ཁྱོན་ལ་མུའུ་315ཡོད་པ་དང་། ལོ་རེའི་ལས་སྣོན་ནུས་པ་ཏུན་ཁྲི་5ལྡན་པ་དང་མཛོད་ཉར་ནུས་པ་ཏུན་ཁྲི་14ལྡན་པས་དེ་ཐོན་སྐྱེད་བྱེད་འགོ་ཚུགས་རྗེས་ས་གནས་དེ་གའི་ཁོ་ཁོ་ཐོན་ལས་གསོ་སྦྱོང་རྟེན་གཞིར་འགྱུར་རྒྱུ་ཡིན་པ་དེ་ཐོག་ནས་ཁོ་ཁོ་ཐོན་ཡུལ་རྒྱལ་ཁབ་གཙོ་བོ་ཡིན་པའི་ངོས་ནས་ཐོན་ལས་རིམ་སྤོར་ཐད་འགག་རྩའི་གོམ་སྟབས་ཤིག་སྤོས་པ་མཚོན་གྱི་ཡོད།

    ད་ཕན་ལོ་ཤས་རིང་། ཀྲུང་གོ་དང་ཨ་ཧྥེ་རི་ཁས་ཐོན་ལས་འཁོར་འབྲེལ་མཉམ་ལས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་བཏང་སྟེ་ཚོང་དོན་མ་འཇོག་ཐད་སྐུལ་འདེད་གཏོང་རེས་བྱེད་པའི་འཁོར་རྒྱུག་གི་རྣམ་པ་བཟང་པོ་ཞིག་ཆགས་ཡོད། མིག་སྔར་ཀྲུང་གོས་གླིང་ཆེན་ཨ་ཧྥེ་རི་ཁའི་རྒྱལ་ཁབ་15དང་ཐོན་ནུས་མཉམ་ལས་ལམ་སྲོལ་བཙུགས་པ་དང་། གླིང་ཆེན་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཏུ་འཆར་འགོད་དང་། འཛུགས་སྐྲུན། གཉེར་སྐྱོང་བཅས་ནང་ཞུགས་པའི་ཀྲུང་གོའི་ཁེ་ལས་ཀྱི་ཐོན་ལས་གླིང་ཁག་50ལྷག་ཙམ་ཡོད་པས། འཛམ་གླིང་རྒྱལ་ཁབ་ཁག་གི་ཁེ་ལས་ཀྱིས་གླིང་ཆེན་ཨ་ཧྥེ་རི་ཁར་མ་འཇོག་བྱ་རྒྱུའི་ཡིད་དབང་བཀུག་པ་རེད།

    ཐན་ཙན་ནི་ཡའི་ཏ་རེ་སི་ས་ལ་མུའུ་སློབ་ཆེན་ཀྲུང་གོ་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་ཧན་ཧྥུའུ་ལའེ·མོ་ཤིས“ཀྲུང་གོ་ནི་ཨ་ཧྥེ་རི་ཁའི་ཚོང་དོན་རོགས་ཟླ་གལ་ཆེན་ཞིག་ཡིན་པ་མ་ཟད། ཨ་ཧྥེ་རི་ཁའི་ཐོན་ནུས་མཉམ་ལས་དང་ལག་རྩལ་རིམ་སྤོར་ལ་འགག་རྩའི་རྒྱབ་སྐྱོར་བྱེད་མཁན་ཞིག་དེ་བས་ཀྱང་ཡིན”ཞེས་བརྗོད་པ་རེད།

    ཨ་ཧྥེ་རི་ཁའི་ཐོན་རྫས་འཛམ་གླིང་དུ་འདོན་རྒྱུར་རམ་འདེགས་བྱས་པ།

    རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་ཤེས་ལྡན་པ་གསོ་སྐྱོང་བྱེད་པའི་རྨང་གཞིའི་ཐོག་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ཐོན་ལས་འཁོར་འབྲེལ་མཉམ་ལས་ཀྱིས་ལས་སྟེགས་དང་ལམ་སྲོལ་སྣ་ཚོགས་བརྒྱུད་ཨ་ཧྥེ་རི་ཁའི་ཐོན་རྫས་ལ་ཡངས་ཤིང་རྒྱ་ཆེ་བའི་ཁྲོམ་རའི་བར་མཐོངས་བསྐྲུན་པ་དང་འཛམ་གླིང་དུ་འདོན་རྒྱུར་རམ་འདེགས་བྱས་ཡོད།

    ཁེན་ནི་ཡར་ཀྲུང་གོའི་ཁེ་ལས་པས་བཙུགས་པའི་ཆི་ལི་ཚོང་གྲོང་དྲ་ཚིགས་དེ་ཨ་ཧྥེ་རི་ཁ་ཤར་མའི་དྲ་ཚོང་ལས་སྟེགས་དང་པོར་འཕེལ་རྒྱས་ཕྱིན་ཡོད། ནེ་རོ་པིའི་ཚོང་པ་མཱ་ཁྲ་ལི་ཡས་ལས་སྟེགས་དེ་བརྒྱུད་ནས་ཀྲུང་གོའི་ཁེ་ལས་ཀྱིས་ས་གནས་དེ་གར་ཐོན་སྐྱེད་བྱས་པའི་བརྙན་འཕྲིན་འཕྲུལ་འཁོར་ཕྱིར་ཚོང་བྱས་པ་དང་། ལོའི་ཕྱིར་ཚོང་དངུལ་འབོར་ཁེན་ནི་ཡའི་ཤན་ལིང་ཁྲི་9600(མི་དམངས་ཤོག་སྒོར་ཁྲི་532ཙམ་ཡིན)ཟིན་ཡོད་པ་རེད།

    ཀྲུང་གོས་ཨ་ཧྥེ་རི་ཁར་སྒོ་མོ་འབྱེད་རྒྱ་ཆེ་རུ་རྒྱུན་ཆད་མེད་པར་གཏོང་བཞིན་ཡོད་ཅིང་། ན་ནིང་ཟླ་12ཚེས་1ཉིན་ནས་བཟུང་ཀྲུང་གོས་གླིང་ཆེན་ཨ་ཧྥེ་རི་ཁའི་རྒྱལ་ཁབ་33ཚུད་པའི་ཀྲུང་གོ་དང་ཕྱི་འབྲེལ་བཙུགས་པའི་དར་རྒྱས་འགྲོ་འགོར་ཤོས་ཀྱི་རྒྱལ་ཁབ་ཚང་མར་དཔྱ་ཁྲལ་རྣམ་གྲངས་ཀྱི་ཐོན་རྫས་100%ལ་སྒོ་ཁྲལ་མི་དགོས་པའི་ཐོབ་ཐང་སྤྲད་ཡོད། གཞན་ཡང་། ཀྲུང་གོ་ཕྱོགས་ཀྱིས་ད་དུང་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་དཔལ་འབྱོར་ཚོང་དོན་འགྲེམས་ཚོགས་དང་། ནང་འདྲེན་འགྲེམས་ཚོགས། ཀོང་ཀྲོའུ་ཚོང་འདུས་སོགས་ཀྱི་ལས་སྟེགས་སྤྱད་དེ་ཨ་ཧྥེ་རི་ཁའི་ཁེ་ལས་ཀྲུང་གོའི་ཁྲོམ་རར་ཞུགས་རྒྱུར་རོགས་རམ་བྱས་ནས་འཛམ་གླིང་གི་ཐོན་ཁུངས་དང་འབྲེལ་མཐུད་བྱེད་བཞིན་ཡོད་པ་རེད།

    ད་ལོའི་ཟླ་4པའི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་དཔལ་འབྱོར་ཚོང་དོན་འགྲེམས་ཚོགས་འོས་སྦྱོར་ཚོགས་འདུའི་ཁེན་ནི་ཡའི་ཆེད་དོན་ཚོགས་འདུའི་ཐོག་ཤིང་ཏོག་ཉིའུ་ཡིའུ་གོ་ཕྱིར་གཏོང་ཚོང་པ་ཉིའུ་ཏུན·ཨེན་ཀུའུ་ལེ་ཡིས“ཀྲུང་གོའི་ཁྲོམ་རར་ཁེན་ནི་ཡའི་ཐོན་རྫས་ཀྱི་དགོས་མཁོ་ཧ་ཅང་ཆེན་པོ་ཡོད་པས། ང་ཚོས་ཁེན་ནི་ཡའི་རྒྱལ་ཡོངས་ཀྱི་ཤིང་ཏོག་ཉིའུ་ཡིའུ་གོའི་ཟོག་ཁུངས་བསྡུ་སྒྲིལ་བྱེད་བཞིན་ཡོད། ད་ཆ་ནི་ང་ཚོ་ཀྲུང་གོའི་ཁྲོམ་རར་ཞུགས་པའི་གོ་སྐབས་ཡག་པོ་རེད”ཅེས་བརྗོད།

    (ཤིན་ཧྭ་གསར་འགྱུར་ཁང་ནེ་རོ་པི་ནས་ཟླ་6ཚེས་15ཉིན་འབྱོར་བའི་གློག་འཕྲིན)

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།