བདེ་སྐྱིད་འཆམ་མཐུན་གྱི་སྤྱི་ཚོགས་ཁོར་ཡུག་ཁྲོད། མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་ལྷུག་པོར་བཞད།
——ཕ་ཡུལ་ཧོ་པེ་ནས་ཡིན་པའི་ཕོ་གཞོན་རེན་ཁྲུན་ལེ་ཡི་གཏམ་རྒྱུད་བཀོད་པ།
འདི་ནི་བདེ་སྐྱིད་ཀྱི་འཛུམ་མདངས་འཕྱུར་བའི་ནང་མིའི་མཉམ་པར་ཡིན་པ།
དེང་སྐབས་བོད་ལྗོངས་ཀྱི་ས་གནས་ཀུན་ལ་མི་རིགས་ཁག་དབར་ཕན་ཚུན་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བྱེད་པའི་རྣམ་པ་ཧ་ཅང་བཟང་བ་སྐྱེ་བོ་ཀུན་གྱི་མཐོང་ཆོས་སུ་གྱུར། སྐྱེ་སྟོབས་ཀྱི་དཔལ་འབར་བའི་ལྷ་ས་གྲོང་ཁྱེར་དུ་འཚོ་བ་སྐྱེལ་བཞིན་ཡོད་པའི་ཕོ་གཞོན་རེན་ཁྲུན་ལེ་དང་ཁོང་གི་ཆུང་མ་ཕུར་བུ་ཐགས་ལགས་ཀྱི་མི་རིགས་མཐུན་སྒྲིལ་གྱི་གཏམ་རྒྱུད་དང་ལས་གཏོད་ལམ་བུ་དེ་རོལ་དབྱངས་སྙན་མོ་ཞིག་དང་འདྲ་བར་ཉེ་འཁོར་གྱི་མི་མང་པོའི་ཡིད་དབང་འཕྲོག་བཞིན་ཡོད།
གསར་འགོད་པས་རེན་ཁྲུན་ལེ་ཡི་གཏམ་རྒྱུད་ཉན་སྐབས་ཁོ་པ་ནི་བློ་རིག་པ་གློག་དམར་འཁྱུག་འཁྱུག གཏམ་ཁ་ལྕེ་མེ་ལྕེ་འབར་འབར་ཞེས་པའི་ཟེར་སྒྲོས་བཞིན་སྨྲ་བའི་ཁྲོད་བློ་རིག་བཀྲ་ཞིང་ཁ་ལྕེ་བདེ་བའི་ཚོར་བ་ཞིག་སྦྱིན་འོང་། ད་ལོ་ལོ་35ལ་སོན་པའི་ཕོ་གཞོན་རེན་ཁྲུན་ལེ་ནི་ཕ་ཡུལ་ཧོ་པེ་ཞིང་ཆེན་ཀྲང་ཅ་ཁུ་ནས་ཡིན་པ་དང་། མིག་སྔར་རང་གི་ཆུང་མ་ཕུར་བུ་ཐགས་ལགས་དང་ལྷན་དུ་ལྷ་སར་ལག་བརྒྱུད་རླངས་འཁོར་བཙོངས་ནས་འཚོ་བ་སྐྱེལ་བཞིན་ཡོད། རེན་ཁྲུན་ལེ་ཆུང་དུས་ནས་ཕ་མ་གཉིས་པོ་ལས་འཕྲོ་ཟད་དེ་བཟའ་ཚང་ཁ་བྲལ་བའི་རྗེས་ཁོ་པ་དང་པ་ཕ་མཉམ་དུ་འཚོ་བ་སྐྱེལ། མ་འོངས་པའི་ལོ་ཟླར་སྤྱི་ཚོགས་ལ་རྐང་པོ་བརྟན་པོ་ཞིག་འཛུགས་ཐུབ་པའི་ཆེད། རེན་ཁྲུན་ལེ་ལོ་15ལ་སོན་སྐབས་པ་ཕས་རྒྱལ་ས་པེ་ཅིང་དུ་རླངས་འཁོར་ཉམས་བཟོའི་ལག་རྩལ་སློབ་པར་བཏང་། ཁོ་པས་པེ་ཅིང་དུ་འཕྲལ་སེལ་སླ་བཅོས་ཀྱི་བསམ་པ་ཡོངས་སུ་སྤངས་ནས་འབད་འབུངས་ཧུར་བསྐྱེད་ཀྱིས་རླངས་འཁོར་ཉམས་བཟོའི་ལག་རྩལ་སྦྱངས་སྟབས། དུས་ཡུན་རིང་པོ་མ་འགོར་བར་རླངས་འཁོར་ཉམས་བཟོའི་ལག་རྩལ་མང་དག་ཅིག་ཁོང་དུ་ཆུད་པ་དང་། དེ་རྗེས་མུ་མཐུད་པེ་ཅིང་དུ་རླངས་འཁོར་ཉམས་བཟོའི་ལས་ཀ་བྱས་ནས་ཁྱོན་ལོ་བདུན་ཙམ་བསྡད།
ཁོ་པའི་པ་ཕ་བོད་ལྗོངས་སུ་ལས་ཀ་བྱས་ནས་དུས་ཡུན་མི་ཉུང་བ་ཞིག་འགོར་བ་དང་། རང་ཉིད་ཀྱི་བུ་རེན་ཁྲུན་ལེ་ཡང་བོད་ལྗོངས་སུ་ལས་ཀ་བྱེད་ཞོར་ཕ་བུ་མཉམ་འཛོམས་ཐུབ་པས། ཁོ་པར་བོད་ལྗོངས་སུ་ལས་ཀ་བྱས་ན་ཡག་པོ་ཡོད་ཚུལ་བཤད་པ་རེད། སྐབས་དེར་ཁོ་པ་ལོ་21ལ་སོན་ཙམ་ཡིན་པ་དང་ལས་ཀའི་བར་གསེང་ཁྲོད་གང་ལྗོངས་ས་མཐོའི་རྣམ་པ་གསར་པར་ལྟ་བའི་འདུན་པ་སྐོམ་པ་ཆུ་འདོད་བཞིན་བྱུང་བས་དེ་མུར་བོད་ལྗོངས་སུ་ལས་ཀ་བྱེད་པར་ཡོང་བ་རེད། རེན་ཁྲུན་ལེ་བོད་ལྗོངས་སུ་སླེབས་མ་ཐག་རླངས་འཁོར་ཉམས་བཟོ་ཁང་ཞིག་འཛུགས་པའི་བསམ་བློ་ཡོད་ཀྱང་སྐབས་དེར་ན་སོ་ཆུང་བའི་སྒང་ལ་མ་དངུལ་མང་པོ་མེད་སྟབས། 2010ལོར་ཁོ་པས་ཐོག་མར་ལྷོ་ཁ་རྩེད་ཐང་དུ་རླངས་འཁོར་འཁྲུད་ཁང་ཞིག་བཙུགས་ནས་ཚོང་ལས་ཀྱི་གོམ་པ་དང་པོ་སྤོས། གསར་འགོད་པས་རླངས་འཁོར་འཁྲུད་ཁང་གི་ཚོང་ཡག་པོ་ཡོད་མེད་ཀྱི་སྐོར་སྐད་ཆ་འདྲི་སྐབས། ཁོ་པས“ཉིན་ལྟར་རླངས་འཁོར་མང་པོ་བཀྲུ་དགོས་པས་ཚོང་ཡག་པོ་འདུག འོན་ཀྱང་རླངས་འཁོར་འཁྲུད་ཁང་བཙུགས་ནས་ལོ་གཅིག་སོང་མཚམས་རྩེད་ཐང་དུ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་དོན་ཚ་ཚ་འུར་འུར་ངང་སྤེལ་བའི་དབང་གིས། རེ་ཞིག་རླངས་འཁོར་འཁྲུད་ཁང་སྒོ་བརྒྱབ་དགོས་བྱུང”ཞེས་བཤད།
འདི་ནི་རེན་ཁྲུན་ལེ་ཡིས་རླངས་འཁོར་ལྟ་སྟངས་སློབ་བཞིན་པ།
2011ལོའི་ལོ་མཇུག་ཏུ་རེན་ཁྲུན་ལེ་ལྷོ་ཁ་རྩེད་ཐང་ནས་ལྷ་སར་སླེབས་རྗེས། ཁོ་པའི་རླངས་འཁོར་ཉམས་བཟོའི་ལག་རྩལ་གོང་མཐོར་འགྲོ་བའི་ཆེད་ལོ་ཤས་རིང་ཚོང་རྟགས་མི་འདྲ་བའི་རླངས་འཁོར་ཉམས་བཟོ་ཁང་ཁ་ཤས་ཀྱི་ནང་དུ་རླངས་འཁོར་ཉམས་བཟོའི་ལས་ལ་ཞུགས། ཁོ་པ་བོད་ལྗོངས་སུ་སླེབས་མ་ཐག་ནས་རླངས་འཁོར་ཉམས་བཟོ་ཁང་ཞིག་འཛུགས་པའི་བསམ་བློ་ཡོད་པས། ལྷ་སར་རླངས་འཁོར་ཉམས་བཟོའི་ལས་ཀ་བྱེད་པའི་ལོ་ཤས་ནང་གང་ཐུབ་ཅི་ཐུབ་ཀྱིས་ཡོང་འབབ་བསགས་ནས་བསྡད། ཡོང་འབབ་གང་ལ་གང་འཚམ་བསགས་རྗེས་མི་གཞན་ཞིག་དང་མཉམ་དུ་རླངས་འཁོར་ཉམས་བཟོ་ཁང་ཞིག་བཙུགས་ཐུབ་པ་བྱུང་ཡོད། དང་ཐོག་ཁོ་པའི་ལག་རྩལ་ཡག་པོ་ཡོད་པས་རླངས་འཁོར་ཉམས་བཟོ་ཁང་དུ་ཚོང་ཡག་པོ་ཡོད་མོད། འོན་ཀྱང་ག་ལེར་དོ་དམ་ཡག་པོ་མ་བྱུང་བའི་རྐྱེན་གྱིས་རླངས་འཁོར་ཉམས་བཟོ་ཁང་དང་ལས་སྐལ་ཆད། ལས་གཏོད་ཀྱི་བྱ་གཞག་ནི་གྲོག་མ་བྱེ་རིར་འཛེག་པ་བཞིན་འགྲུབ་དཀའ་བ་ཞིག་ཡིན་དང་ཁོ་པར་མཚོན་ནའང་དེ་ལས་མ་འདས། རྟ་རྒན་ལམ་རྒྱུས་ཆེ། མི་རྒན་གནས་ལུགས་མཁས་ཞེས་པའི་ཟེར་སྒྲོས་བཞིན། པ་ཕས་ཉེ་འཁོར་གྱི་ལས་གཏོད་ཁོར་ཡུག་ལ་རྒྱུས་མངའ་ཆེ་ཙམ་ཡོད་ཁར་སྤྱི་ཚོགས་ཀྱི་འགྲོ་ལུགས་འགྲོ་སྟངས་ལའང་རྒྱུས་ལོན་གང་ལ་གང་འཚམ་ཞིག་ཡོད་པར་བརྟེན། བུ་ལ་སེམས་སྡུག་གཏན་ནས་བྱེད་མི་དགོས། ལས་གཏོད་ནི་དཀའ་ཁག་ཤིན་ཏུ་ཆེ་བའི་ལས་ཀ་ཞིག་ཡིན། འོན་ཀྱང་དཀའ་བ་ཡང་ནས་ཡང་དུ་སྤྱད་ན་རེ་བའི་ལས་ལ་འབྲས་བཟང་སྨིན་ངེས་ཡིན་ཞེས་ཡང་ཡང་བརྗོད་ཀྱི་ཡོད། རླངས་འཁོར་ཉམས་བཟོ་ཁང་དང་ལས་སྐལ་ཆད་རྗེས་ཁོ་པར་སེམས་སྡུག་གྲངས་མེད་བྱུང་ཡོད་ཀྱང་། མི་ཚེའི་འགྲུལ་བཞུད་རིང་པོ་ཡིན་པས་པ་ཕའི་བསླབ་བྱ་ཡིད་ལ་བཅངས་ནས་བློ་ཕམ་དང་རེ་ཐག་ཆད་ནས་སྡོད་མྱོང་མེད་པ་རེད།
ཁོ་པ་གཙོ་བོ་རླངས་འཁོར་ཉམས་བཟོ་བྱེད་མཁན་ཡིན་ཡང་ཕྱིས་སུ་ལག་བརྒྱུད་རླངས་འཁོར་ཉོ་ཚོང་བྱེད་པའི་སྐོར་སྐད་ཆ་འདྲི་སྐབས། ཁོ་པས“རང་ཉིད་རླངས་འཁོར་ཉམས་བཟོའི་ལས་ཀ་བྱས་ནས་ལོ་ངོ་10ལྷག་ཕྱིན་སོང་། ཐོག་མར་ལག་བརྒྱུད་ལག་རླངས་འཁོར་ཚོང་རྒྱག་པའི་བསམ་བློ་ཡེ་ཤེས་ནས་མེད། ངའི་གྲོགས་པོ་ཞིག་ལག་བརྒྱུད་རླངས་འཁོར་ཉོ་ཚོང་བྱེད་མཁན་གྱི་ཚོང་པ་ཞིག་རེད། ང་རང་ལ་མཚོན་ན་རང་གཤིས་བག་ཡངས་པོ་ཡོད་ཁར་གཞན་ལ་སེམས་རྩ་འཁོལ་པོ་ཡོད་པས་ང་ལ་ལག་བརྒྱུད་རླངས་འཁོར་ཉོ་ཚོང་བྱས་ན་ཡག་པོ་ཡོད་ཅེས་བཤད་བྱུང་། དེ་ནས་ཕན་ཚུན་ཁ་བརྡ་མང་པོ་བྱས་པའི་རྗེས། ང་རང་གི་སེམས་སུ་རང་ཉིད་རླངས་འཁོར་ཉམས་བཟོ་ཁང་དང་ལས་སྐལ་ཆད་པས་རེ་ཞིག་རླངས་འཁོར་དང་འབྲེལ་བའི་ལས་ཀ་གཞན་ཞིག་བྱས་ན་ཡག་པོ་མེད་དམ་སྙམ་ནས་དྲན་པའི་ངོགས་ཀྱི་ཕ་ཡུལ་དུ་ལོག་ནས་ལག་བརྒྱུད་རླངས་འཁོར་ཚོང་བའི་ལམ་དུ་ཞུགས་པ་ཡིན”ཞེས་བཤད། ཁོ་པ་ཕ་ཡུལ་དུ་ལག་བརྒྱུད་རླངས་འཁོར་ཉོ་ཚོང་བྱེད་པའི་སྐབས་སུ་ཚོང་ལས་ཀྱི་ཉམས་མྱོང་མང་པོ་བསགས་ཐུབ་ཡོད་པ་རེད།
འདི་ནི་རེན་ཁྲུན་ལེ་དང་ཁོང་གི་ཆུང་མ་ཕུར་བུ་ཐགས་ལགས་ཡིན་པ།
2022ལོར་ཁོ་པས་ལྷ་སའི་ཤར་ངོས་ཚལ་གུང་ཐང་དུ་ཡོད་པའི་ལག་བརྒྱུད་རླངས་འཁོར་ཁྲོམ་རར་ལག་བརྒྱུད་རླངས་འཁོར་ཉོ་ཚོང་བྱེད་པའི་ལས་འགོ་བརྩམས། སྐབས་དེར་ཁོ་པར་རླངས་འཁོར་བཟོ་བའི་ལག་རྩལ་ཡོད་ཁར་ཚོང་རྒྱག་པའི་ཉམས་མྱོང་ཡང་མང་དག་ཅིག་གསོག་འཇོག་བྱས་ཡོད་པས་སྤུས་ལེགས་ཀྱི་རླངས་འཁོར་ཧ་ཅང་བྲིན་པོ་བྱུང་བ་རེད། ཁོ་པས་ཚོང་རྒྱ་སྐྱེད་གཏོང་བའི་ཆེད་ལེ་ཕེང་ཐའོ་དང་མཉམ་དུ་2024ལོར་སྟོད་ལུང་ཁུལ་དུ་ག་ལ་ཁྲེ་སྤུས་ལེགས་རླངས་འཁོར་ཞེས་པའི་ཀུང་སི་ཞིག་བཙུགས་པ་དང་། ཀུང་སིར་ཁྲི་500ཙམ་གྱི་ལག་བརྒྱུད་རླངས་འཁོར་ཡོད་པ་རེད། ལེ་ཕེང་ཐའོ་ནི་ཁོ་པའི་མཉམ་གཉེར་བ་ཞིག་ཡིན་ཞིང་། ལས་གཏོད་ཀྱི་ལམ་བུའི་ཐོག་ལེ་ཕེང་ཐའོ་ནི་ཁོ་པར་ཤུགས་རྐྱེན་ཆེ་ཤོས་ཐེབས་མཁན་གྱི་མི་ཞིག་ཡིན་སྟབས་ཐོག་མཐའ་བར་གསུམ་དུ་ལེ་ཕེང་ཐའོ་ལ་གུས་བཀུར་བྱེད་བཞིན་ཡོད། ད་ལྟ་ཁོ་པ་དང་ལས་མི་ཚང་མའི་འབད་བརྩོན་འོག་ཀུང་སིའི་ཡོང་འབབ་བརྟན་འཇགས་ངང་འཕར་བ་དང་། རྒྱུན་དུ་ཁོ་པས་ལས་མི་རྣམས་ལ་ལྷག་བསམ་རྣམ་དག་གིས་རླངས་འཁོར་གྱི་སྤུས་ཚད་ལྟ་སྟངས་དང་ཚོང་རྒྱག་སྟངས་སོགས་སློབ་བཞིན་ཡོད། ཀུང་སིའི་ལས་མི་སྟོབས་རྒྱལ་གྱིས“སྔོན་ཆད་ང་རང་རླངས་འཁོར་ལ་རྒྱུས་མངའ་དེ་ཙམ་མེད། རྒན་རེན་ཁྲུན་ལེ་ཡི་བཀའ་དྲིན་འོག་ངས་ད་ལྟ་ལག་བརྒྱུད་ལག་འཁོར་མང་པོ་ཞིག་གི་སྤུས་ཚད་གང་འདྲ་ཡིན་མིན་ལྟ་ཐུབ་ཀྱི་འདུག་པས་ང་རང་ཀུང་སི་འདིར་ལས་ཀ་བྱ་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང”ཞེས་བཤད།
དང་ཐོག་ཁོ་པ་ཚོང་ལས་ཐོག་ལམ་ལྷོང་དེ་ཙམ་མ་བྱུང་ཡང་དགའ་འོས་པ་ཞིག་ལ་ལྷ་སར་ལས་ཀ་བྱས་ནས་སྡོད་སྐབས་ཚེ་གང་གཏན་གྲོགས་ཡག་པོ་ཞིག་ངོ་ཤེས་ཡོད་པ་རེད། 2013ལོར་འཕྲིན་ཕྲན་བེད་སྤྱོད་གཏོང་འགོ་ཚུགས་ཙམ་ཡིན་པ་དང་། མི་མང་པོ་ཞིག་གིས་དགོད་བྲོ་བྲོའི་ངང་མཉེན་ཆས་དེ་ཕབ་ལེན་བྱས་ནས་རྩེད་མོ་རྩེ་ཡི་ཡོད། རེན་ཁྲུན་ལེ་དང་ཁོ་པའི་ཆུང་མ་ཕུར་བུ་ཐགས་ལགས་ཀྱང་དགོད་བྲོ་བྲོའི་ངང་འཕྲིན་ཕྲན་བེད་སྤྱོད་གཏོང་མཁན་གྱི་གྲས་ཤིག་ཡིན་པར་སྣང་། ཁོ་གཉིས་ཕན་ཚུན་འཕྲིན་ཕྲན་བརྒྱུད་ངོ་ཤེས་པ་དང་། ཕན་ཚུན་ཁ་བརྡ་བྱེད་པའི་བརྒྱུད་རིམ་ཁྲོད་གཉིས་ཀའི་བློ་ལ་འཐད་པ་ཞིག་བྱུང་བས་འཇིག་རྟེན་མཐུན་འཇུག་གི་ལམ་དུ་ཞུགས་ཐུབ་པ་བྱུང་། ཁོ་གཉིས་ཀྱི་ངོས་ནས་བཤད་ན་འཕྲིན་ཕྲན་ནི་ཁོ་གཉིས་བར་གྱི་འབྲེལ་ཟམ་གལ་ཆེན་ཞིག་ཡིན་པ་རེད།
འདི་ནི་ནང་མིའི་མཉམ་པར་ཡིན་པ།
འཆམ་མཐུན་ངང་བདེ་སྐྱིད་འཚོ་བར་རོལ་བཞིན་པའི་བཟའ་ཚོ་གཉིས་པོ་2013ལོར་གཉེན་སྒྲིག་བྱས་རྗེས་སྔ་རྗེས་ཕྲུ་གུ་གཉིས་བྱུང་བ་དང་། ཕྲུ་གུ་ཆེ་བ་སྤེན་པ་བཀྲ་ཤིས་ད་ལོ་ལོ་11ལ་སོན་པ་དང་། ཕྲུ་གུ་ཆུང་བ་རིག་འཛིན་ལྷ་མོ་ད་ལོ་ལོ་9ལ་སོན་མ་ཐག་ཡིན་པ་རེད། ཕྲུ་གུ་གཉིས་པོ་ཕ་མའི་ཁ་ལ་ཉིན་ཞིང་སློབ་སྦྱོང་ལ་བརྩོན་པོ་ཡོད་པ་དང་། ལྷག་པར་དུ་ཕྲུ་གུ་ཆེ་བ་སྤེན་པ་བཀྲ་ཤིས་ཀྱི་སྦྱངས་འབྲས་རྒྱུན་དུ་གཙང་རལ་སློབ་ཆུང་དུ་ལོ་རིམ་ཡོངས་ཀྱི་ཨང་དང་གཉིས་ལ་སླེབས།
ཁྱིམ་གཅིག་ན་དབང་ཆེན་མང་བ་དེ། ཁྱིམ་བཟའ་ཚང་འཐོར་བའི་སྔ་ལྟས་ཡིན་ཞེས་པའི་ཟེར་སྒྲོས་ཡོད་པས་རྒྱུན་དུ་རེན་ཁྲུན་ལེ་ཡིས་བཟའ་ཚང་ཕན་ཚུན་དབར་བརྩི་འཇོག་བྱ་རྒྱུ་གཙིགས་སུ་འཛིན་ཞིང་ཧ་རུབ་སྦར་རུབ་བྱས་ནས་ཚ་སོབ་སོབ་ཀྱི་ཁྱིམ་ཚང་ཞིག་བསྐྲུན་དང་སྐྲུན་མུས་ཡིན། ཁོ་པས“ང་གཉིས་བཟའ་ཚོ་གཉིས་པོ་གཉེན་སྒྲིག་བྱས་ནས་ལོ་ངོ་12ཙམ་ཕྱིན་སོང་། རྒྱུན་ལྡན་གྱི་འཚོ་བའི་ཁྲོད་དུ་ཁ་རྩོད་ཆེན་པོ་གཅིག་ཀྱང་ཤོར་མྱོང་མེད། ང་རང་གི་ཆུང་མ་ཕུར་བུར་ཐགས་ལགས་ཕ་ཡུལ་གཞིས་རྩེ་གྲོང་ཁྱེར་ས་སྐྱ་རྫོང་དགེ་སྡིངས་གྲོང་རྡལ་ནས་ཡིན་པས། ལོ་རེའི་ལོ་གསར་གྱི་མཚམས་སུ་ང་ཚོ་ནང་མི་བཞི་པོ་དགེ་སྡིངས་ཕྱོགས་སུ་ཕྱིན་ནས་དགའ་དགའ་སྤྲོའི་ངང་ལོ་གསར་གཏོང་གི་ཡོད། ངའི་ཆུང་མའི་ཕ་མ་གཉིས་པོ་རྒྱ་སྐད་དེ་ཙམ་ཤེས་ཀྱི་མེད་པས་ངས་རྒྱུན་དུ་རྒྱུན་བཀོལ་གྱི་བོད་སྐད་སྦྱངས་ནས་ཁོང་རྣམ་པ་དང་གཏམ་གླེང་བྱེད་ཀྱི་ཡོད”ཅེས་བཤད། མི་སྐྱོན་མེད་འཛམ་བུ་གླིང་ན་མེད། ཤིང་འཛེར་མེད་ཀོང་ཡུལ་ནགས་ན་མེད་ཅེས་པའི་ཟེར་སྒྲོས་ཡོད་པས་ཁོ་གཉིས་ལ་སྐྱོན་ཆ་ཕྲན་བུ་རེ་ཡོད་ཀྱང་ཕན་ཚུན་བཟོད་སྒོམ་དང་ཕན་ཚུན་བསམ་ཤེས་བྱེད་ཀྱི་ཡོད་པས། ཐབ་ཆུང་ཆུང་མེ་ཚ་པོའི་འཚོ་བ་ཞེས་པ་ཁོ་པའི་ཁྱིམ་ཚང་ལས་མངོན་བཞིན་མཆིས། གསར་འགོད་པས་ཁོ་པར་ཁྱིམ་ཚང་གི་བདེ་སྐྱིད་ཅེས་པ་གང་ལ་ངོས་འཛིན་བྱེད་དགོས་ཀྱི་ཡོད་དམ་ཞེས་འདྲི་སྐབས། ཁོ་པས“འདོད་ཆུང་ཆོག་ཤེས་བྱས་ན་ནམ་ཡང་སྐྱིད་པས་ཁྱིམ་ཚང་གི་བདེ་སྐྱིད་དེ་དངུལ་མང་ཉུང་དང་ཐད་ཀར་འབྲེལ་བ་མེད། རྒྱུན་ལྡན་གྱི་འཚོ་བའི་ཁྲོད་དུ་སྐྱིད་ལ་ཁའི་རྩྭ་ལ་མཉམ་ཟ་དང་། སྡུག་སྔོན་མོའི་ཆུ་ལ་མཉམ་འཐུང་གི་བསམ་བློ་བརྟན་པོ་ཡོད་ཁར། བཟའ་ཚོ་གཉིས་པོའི་སེམས་ཤུགས་གཅིག་ཏུ་བསྒྲིལ་ཏེ་དྲོ་སྐྱིད་ལྡན་པའི་ཁྱིམ་ཚང་ཞིག་སྐྱོང་ཐུབ་ན་བདེ་སྐྱིད་ཟེར་བ་དེ་རེད”ཅེས་བཤད།
འདི་ནི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་བཞིན་པ།
རེན་ཁྲུན་ལེ་དང་ཁོང་གི་ཆུང་མའི་དཀའ་སྤྱད་འབད་བརྩོན་འོག་ཁྱིམ་ཚང་གི་ཆ་རྐྱེན་ཉིན་རེ་ལས་འདས་པར་ཡག་ཏུ་འགྲོ་བའི་སྐབས་སུ་སྤྱི་ཕན་གྱི་ལས་ཀ་ཡང་གང་ཐུབ་ཅི་ཐུབ་ཀྱིས་བསྒྲུབས་དང་སྒྲུབ་མུས་ཡིན། དཔེར་ན། 2024ལོའི་ཟླ་9པར་འདམ་གཞུང་རྫོང་གི་སྐབས་བཅུ་གསུམ་པའི“རྩྭ་ཐང་བུམ་པ་རྟགས་མ”ཡི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་སྐབས་སུ་བྱང་གནམ་མཚོའི་རྐང་རྩེད་སྤོ་ལོའི་རུ་ཁག་ཞིག་ལ་རྐང་རྩེད་སྤོ་ལོའི་ལུས་རྩལ་གྱོན་ཆས་མེད་པའི་གནས་ཚུལ་ཤེས་འཕྲལ། ཁོང་གིས་ཐེ་ཚོམ་སྤུ་ཙམ་མེད་པར་རུ་མི་ལ་རྐང་རྩེད་སྤོ་ལོའི་ལུས་རྩལ་གྱོན་ཆས་ཉོས་ཡོད་པ་རེད། ཁོང་གིས“སྔོད་ཆད་ང་རང་ལ་དཀའ་ངལ་འཕྲད་པའི་སྐབས་སུ་སྤྱི་ཚོགས་ཐོག་ནས་རོགས་རམ་བྱེད་མཁན་མང་པོ་འཕྲད་བྱུང་། ད་ཆ་རང་ཉིད་ཀྱི་འཚོ་བ་ཡག་ཏུ་འགྲོ་དུས་གཞན་ལ་ཕན་པ་བསྒྲུབ་རྒྱུ་གལ་ཆེན་པོ་ཡིན་པས་སྤྱི་ཕན་ལས་ཀ་བྱས་དང་བྱེད་མུས་ཡིན་ལ། ཕྱིས་ཀྱི་ལོ་ཟླའི་ནང་དུ་མུ་མཐུད་སྤྱི་ཕན་གྱི་བྱེད་སྒོ་ཁག་ལ་ཞུགས་རྒྱུའི་འདུན་པ་དྲག་པོ་ཡོད”ཅེས་བཤད།
རེན་ཁྲུན་ལེ་ནི་དུས་རབས་གསར་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལག་བསྟར་མཁན་ཞིག་ཡིན་པ་དང་། ཁོ་པའི་གཉེན་སྒྲིག་དེ་མི་རིགས་མཉམ་འདྲེས་ཀྱི་གསོན་ཉམས་ལྡན་པའི་བསྡུས་རིས་ཤིག་ཡིན་པ་སྨྲོས་ག་ལ་དགོས། ཁོ་པ་ནི་གཤིས་ཀ་བཟང་ཞིང་ལས་ལ་བརྩོན་པ་དང་། རང་གི་བཟའ་མི་བུ་ཕྲུག་ལ་ལྟ་རྟོག་བྱེད་མཁས་པ། དེ་བཞིན་ཕ་མ་རྒན་འཁོགས་ལ་བརྩི་བཀུར་བྱེད་པའི་གོམས་གཤིས་བཟང་པོ་ཞིག་ཡོད་པས། མ་འོངས་པའི་ལོ་ཟླའི་ནང་དུ་བཟའ་མི་བུ་ཕྲུག་དང་བཅས་པའི་འཚོ་བ་དེ་ཡར་ངོའི་ཟླ་ལྟར་གོང་ནས་གོང་དུ་འཕེལ་བར་ཡིད་ཆེས་ཀྱིས་ཁེངས་ཡོད།
( གསར་འགོད་པ། ཉི་མ་ཚེ་རིང་། ཚེ་བརྟན་རྡོ་རྗེ། བདེ་ཆེན་དགྲ་འདུལ། བསོད་ནམས་མཚོ་མོ། བསོད་ནམས་དབང་འདུས། ཟླ་བ་ཚེ་རིང )
འབྲེལ་ཡོད་གསར་འགྱུར།