ལས་གྲྭ་ཆེན་པོ་ལྔ་ལག་བསྟར་བྱེད་འགོ་བཙུགས་ནས་འཕེལ་རྒྱས་དང་དར་རྒྱས་མཉམ་དུ་དོན་གཉེར་བྱེད་པ།
དེང་རབས་ཅན་གྱི་རྒྱང་ལམ་དུ་ཀྲུང་གོ་དང་ལ་ཏིང་མེ་གླིང་རྒྱལ་ཁབ་དཔུང་པ་མཉམ་གཤིབ་ཀྱིས་མདུན་དུ་སྐྱོད་པ།
ཀྲུང་ལ་ནི་ལག་གདང་སྦྲེལ་ནས་འབད་འབུངས་བྱེད་མཁན་གྱི་ལས་དབང་གཅིག་མཐུན་ཚོགས་པ་ཡིན་ཞིང་། དེའི་མངོན་གསལ་དོད་པའི་ཁྱད་ཆོས་ནི་ཕན་ཚུན་འདྲ་མཉམ་ཀྱི་ལྟ་སྟངས་འཛིན་པ་དང་། སྒུལ་ཤུགས་ཆེ་ཤོས་ནི་གཉིས་ཁེ་གཉིས་ཕན། བློ་རྒྱ་དང་གཤིས་རྒྱུད་ནི་སྒོ་དབྱེ་བསྟུན་མཁས། དོན་གཉེར་བྱེད་ས་གཙོ་བོ་ནི་མི་དམངས་ལ་ཕན་བདེ་བསྐྲུན་རྒྱུ་བཅས་ཡིན་པས་གསོན་ཤུགས་ཆེ་ལ་འཕེལ་རྒྱས་ཀྱི་མདུན་ལམ་ཡངས་པོ་ཡོད།
ད་ལོ་ནི་ཀྲུང་ལ་གླེང་སྟེགས་དངོས་སུ་གཉེར་འགོ་ཚུགས་ནས་ལོ་10འཁོར་བའི་ལོ་ཞིག་རེད། ད་ལོའི་ཟླ་5པར་འཚོགས་པའི་ཀྲུང་ལ་གླེང་སྟེགས་སྐབས་བཞི་པའི་པུའུ་ཀྲང་རིམ་པའི་ཚོགས་འདུའི་འགོ་ཚུགས་མཛད་སྒོའི་ཐོག་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་ལའི་འབྲེལ་བའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ཐོབ་པའི་ཉམས་མྱོང་བརྒྱུད་རིམ་ལྡན་པའི་ངང་ཕྱོགས་སྡོམ་གནང་ནས། མཐུན་སྒྲིལ་དང་། འཕེལ་རྒྱས། ཤེས་དཔལ། ཞི་བདེ། དམངས་སེམས་བཅས་ཀྱི“འདུ་འགོད་ཆེན་པོ་ལྔ”ལག་ལེན་བསྟར་འགོ་འཛུགས་རྒྱུའི་ཁྱབ་བསྒྲགས་གནང་བས་ཕྱོགས་གཉིས་པོས་དེང་རབས་ཅན་གྱི་འགྲོ་ལམ་དུ་དཔུང་པ་མཉམ་གཤིབ་ཀྱིས་མདུན་སྐྱོད་བྱེད་པར་ཁ་ཕྱོགས་གསལ་སྟོན་དང་ཀྲུང་ལ་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྒུལ་ཤུགས་གསར་པ་བསྣན་ཡོད།
ཧོ་སེ·མན་ནུའུ་ཨེར·སཱ་ལ་སར—ཞི་ལི་ན་ཆི་སི (མཉམ་འབྲེལ་རྒྱལ་ཚོགས་ལ་ཏིང་མེ་གླིང་དང་ཅ་ལེ་པིའི་དཔལ་འབྱོར་ཨུ་ལྷན་གྱི་ལག་བསྟར་དྲུང་ཡིག)
ཁྲའེ་ཡུས (ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་ལ་ཏིང་མེ་གླིང་ཞིབ་འཇུག་ཁང་གི་སུའོ་ཀྲང)
མཱ་ལི་ཨའོ·ཨའེ་སི་ཐེ་ལེ་ལ (པར་ཙིར་དུ་ཡོད་པའི་ཀྲུང་གོའི་ཚོང་དོན་རིག་གནས་འཕེལ་རྒྱས་མཉམ་ལས་མཐུན་ཚོགས་ཀྱི་ཚོགས་གཙོ)
ཧྥེར་ནན་ཏུའོ·ལེ་ཡེ་སི·མཱ་ཐ (ཆི་ལིའི་ཨན་ཏེ་ལེ་སི·པེ་ལུའེ་སློབ་ཆེན་གྱི་ལ་ཏིང་མེ་གླིང་གི་ཀྲུང་གོའི་གནད་དོན་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན)
ཨར་ཧྥུའུ་ལེ་ཏུའོ·ཨའོ་མར·ཕ་ལ་ཧྥུའུ་ཁེ་སི·ལུའོ་ཁ (མོ་ཞི་ཁོའི་གྲོང་ཁྱེར་ཆེན་པོའི་རང་སྐྱོང་སློབ་ཆེན་གྱི་དཔལ་འབྱོར་ཐོན་སྐྱེད་ཚན་ཁག་གི་དགེ་རྒན་ཆེ་མོ་བ)
འདི་ནི་པར་ཙིར་ལི་གཡོད་རེ་ནེ་ལུའུ་པོ་ཐ་ཧྥོ་ཁེ་ཡི་ས་འོག་ལྕགས་ལམ་བབས་ཚུགས་སུ། ཀྲུང་ཁྲེ་ལྕགས་ལམ་འགྲུལ་སྐྱེལ་མེ་འཁོར་མ་རྐང་ཚད་ཡོད་ཀུང་སིས་བཟོས་པའི་མེ་འཁོར་ཞིག་ས་འོག་ལྕགས་ལམ་གྱི་མེ་འཁོར་བབས་ཚུགས་སུ་ཡོང་བཞིན་པ། (ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཝང་ཐན་ཚུང་གིས་པར་བརྒྱབ)
འདི་ནི་པར་ཙིར་ཧྲེང་པའོ་ལོའུ་ཀྲོའུ་ལི་པེ་ལང་ཕུའུ་ལེ་ཐུའུ་གྲོང་ཁྱེར་དུ་སྤེལ་བའི་2025ལོའི་པར་ཙིར་གྱི་ཞིང་ལས་ཚན་རྩལ་འགྲེམས་སྟོན་ཐོག་ལྟ་སྐོར་བས་ཏ་ཅང་ཞིང་ལས་མི་མེད་གནམ་གྲུས་་ཆུ་གཏོར་ཚུལ་ལ་ལྟ་བཞིན་པ། (ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཁྲེན་ཧའོ་ཆོན་གྱིས་པར་བརྒྱབ)
འདི་ནི་ཆི་ལིའི་མོ་སི་ཐཱ་སར་གྱི་ཅི་ཀྲི་ཀུང་སིའི་བཟོ་གྲྭར་ལས་དོན་པས་ཤིང་ཏོག་ཁྲེ་ལི་ཙེ་དབྱེ་གསེད་བྱེད་བཞིན་པ། (ཧའོ་ཨེར་ཧོ·པི་ལེ་ཅ་སི་ཡིས་པར་བརྒྱབ། ཤིན་ཧྭ་གསར་འགྱུར་ཁང་གིས་སྤེལ)
ཀྲུང་ལའི་འབྲེལ་བ་ལོ་རྒྱུས་ཀྱི་དུས་སྐབས་ཡག་ཤོས་སུ་གནས་པ།
ཁྲའེ་ཡུས་ཀྱིས། མིག་སྔའི་ཀྲུང་ལའི་འབྲེལ་བ་ལོ་རྒྱུས་ཀྱི་དུས་སྐབས་ཡག་ཤོས་སུ་སླེབས་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་སྔ་རྗེས་སུ་ལ་ཏིང་མེ་གླིང་དུ་འཚམས་འདྲིར་ཐེངས་དྲུག་ཕེབས་པ་ལས་ཀྲུང་ལའི་འབྲེལ་བར་གཟིགས་མཐོང་ཆེན་པོ་གནང་ལུགས་གསལ་པོར་མཐོང་ཐུབ། གཙོ་བདག་དབར་གྱི་ཕྱི་འབྲེལ་ལས་ཕྱོགས་གཉིས་པོའི་ཆབ་སྲིད་ཐད་ཀྱི་ཕན་ཚུན་ཡིད་ཆེས་རྒྱུན་མཐུད་ཆེ་རུ་འགྲོ་བར་སྐུལ་འདེད་ཐེབས་ནས་ཀྲུང་ལའི་འབྲེལ་བ་བརྟན་བགྲོད་རྒྱང་འཁྱོལ་ཡོང་བར་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད། ན་ནིང་ཀྲུང་ལའི་ཚོང་དོན་དངུལ་འབོར་ཨ་སྒོར་དུང་ཕྱུར་5000ལས་ཐོག་མར་བརྒལ་བ་དེ་ནི་དུས་རབས་འདིའི་དུས་འགོའི་ལྡབ་40ལྷག་ཙམ་ཡིན་པ་རེད། ཕྱོགས་གཉིས་པོས་སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་སྒྲོམ་གཞིའི་ནང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་རྣམ་གྲངས་ཁག་200ལྷག་ཙམ་ལག་ལེན་བསྟར་ནས་ལས་གནས་ཁྲི་བརྒྱ་ལྷག་ཙམ་བཏོད་ཡོད། གཞན་ཡང་ཀྲུང་ལ་དབར་གྱི་རང་དངུལ་བརྗེ་རེས་དང་གཙང་རྩིས་བསྡོམས་རྩིས་སོགས་དངུལ་རྩའི་མཉམ་ལས་བཀོད་སྒྲིག་རྒྱུན་མཐུད་མང་དུ་ཕྱིན་པ་དང་། ཀྲུང་གོས་ལ་ཏིང་མེ་གླིང་ས་ཁུལ་དུ་ཐད་ཀར་མ་འཇོག་བྱེད་ཤུགས་རྒྱུན་མཐུད་ཆེ་རུ་ཕྱིན་པ། ཀྲུང་ལའི་ཚན་རིག་དང་། སློབ་གསོ། རིག་གནས། འཕྲོད་བསྟེན་སོགས་ཁྱབ་ཁོངས་ཀྱི་སྤེལ་རེས་མཉམ་ལས་ཀྱང་རྒྱུན་མཐུད་གཏིང་ཟབ་ཏུ་ཕྱིན་ཡོད་ཅེས་བརྗོད།
སཱ་ལ་སར—ཞི་ལི་ན་ཆི་སི་ཡིས། ཀྲུང་ལའི་དབར་གྱི་མཉམ་ལས་དེས་སྣེ་མང་ཅན་དང་བསྟུན་མཁས་རང་བཞིན་གྱི་འཛམ་གླིང་ཞིག་སྐྲུན་པའི་ཁས་ལེན་མངོན་ཡོད། ལ་ཀྲུང་མཉམ་ལས་ནི་ཐོག་མའི་དམའ་རིམ་ཐོན་རྫས་ཀྱི་ཉོ་ཚོང་གཙོ་བོར་བྱེད་པ་ནས་རིམ་བཞིན་འཕེལ་རྒྱས་ཀྱི་མ་དངུལ་བསྡུ་རྒྱུག་དང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། ཚན་རྩལ་མཉམ་ལས་སོགས་ཚུད་པའི་ཁྱབ་ཁོངས་ཁག་དང་། ཕྱོགས་ཡོངས། རིམ་པ་མང་བ་བཅས་ཀྱི་སྤེལ་རེས་དང་མཉམ་ལས་བར་རྒྱ་སྐྱེད་སོང་ཡོད་ཅེས་བརྗོད།
ཨེ་སི་ཐེ་ལེ་ལཱ་ཡིས། འདས་ཟིན་པའི་ལོ་བཅུ་ཕྲག་ཁ་ཤས་ནང་། ཀྲུང་གོ་ནི་ལ་ཏིང་མེ་གླིང་གི་ཚོང་དོན་རོགས་ཟླ་ཡིན་པ་མ་ཟད། རིམ་བཞིན་ཐུན་མོང་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་གྲོགས་པོར་གྱུར་ཡོད། ང་ཚོ་ཀྲུང་ལ་འབྲེལ་བའི་དུས་མཚམས་གསར་པ་ཞིག་ལ་གནས་ཤིང་། དུས་མཚམས་གསར་པ་འདི་ལས་ཕྱོགས་གཉིས་ཀྱི་འབྲེལ་བ་ཉིན་རེ་བཞིན་འཐུས་ཚང་དང་། དེ་བཞིན་དེ་བས་རྒྱ་ཆེ་ཞིང་འཐབ་ཇུས་རང་བཞིན་ལྡན་པའི་མཐོང་རྒྱར་བརྟེན་ནས་འདྲ་མཉམ་དང་། གཉིས་ཕན། མི་རྩ་བར་འཛིན་པ་བཅས་ཀྱི་འཕེལ་རྒྱས་ལ་དམིགས་པ་མཚོན་གྱི་ཡོད་ཅེས་བརྗོད།
ལེ་ཡེ་སི་ཡིས། ལ་ཏིང་མེ་གླིང་དང་ཀྲུང་གོའི་འབྲེལ་བ་ལོ་རྒྱུས་ཀྱི་འགོ་ཚུགས་ས་གསར་པར་སླེབས་ཡོད། རྒྱལ་སྤྱིའི་དུས་བབ་ལ་འགྱུར་ལྡོག་གཏིང་ཟབ་བྱུང་བའམ་ཡང་ན་ཕྱོགས་གཉིས་པོའི་མཉམ་ལས་ལམ་སྲོལ་རྒྱུན་མཐུད་གཏིང་ཟབ་ཏུ་ཕྱིན་པ་ཕྱོགས་གང་ནས་བལྟས་ཀྱང་ཀྲུང་ལའི་འབྲེལ་བ་འདྲ་མཉམ་དང་། གཉིས་ཕན། གསར་གཏོད། སྒོ་དབྱེ། དམངས་ཕན་བཅས་ཁྱད་ཆོས་སུ་བྱས་པའི་དུས་མཚམས་གསར་པར་སྐྱོད་བཞིན་ཡོད་པ་གསལ་པོར་མཐོང་ཐུབ་ཅེས་བརྗོད།
ཕ་ལ་ཧྥུའུ་ཁེ་སི་ཡིས། ལ་ཀྲུང་གླེང་སྟེགས་དངོས་སུ་གཉེར་འགོ་ཚུགས་ནས་ལོ་10སོང་ཚུན། ལ་ཀྲུང་འབྲེལ་བ་མཉམ་ལས་དང་ཕན་ཚུན་ཡིད་ཆེས་ཁྲོད་རྒྱུན་མཐུད་ལེགས་སུ་ཕྱིན་ཡོད། ལ་ཀྲུང་མཉམ་ལས་ཀྱི་རྨང་གཞི་སྔར་བས་བརྟན་དུ་ཕྱིན་པ་དང་བསྟུན་ནས་ཕྱོགས་གཉིས་པོའི་འཐབ་ཇུས་ཐད་ཕན་ཚུན་ཡིད་ཆེས་བྱེད་པའི་གཏིང་ཤུགས་དང་ཐུན་མོང་འཕེལ་རྒྱས་ཀྱི་རེ་འདུན་དག་མཉམ་ལས་ཀྱི་ཏན་ཏན་ཏིག་ཏིག་གི་གྲུབ་འབྲས་སུ་བསྒྱུར་ཡོད་ཅེས་བརྗོད།
འདི་ནི་ཀྲུང་གོའི་ཁེ་ལས་ཀྱིས་སྔ་རྗེས་སུ་སྒྱུར་བཀོད་རྒྱས་སྐྲུན་དང་ཉམས་བཟོ་བདག་སྐྱོང་བྱས་པའི་ཀེ་རེན་ན་ཏ་རྒྱལ་ཁབ་པང་ལེབ་སྤོ་ལོའི་ཐང་ཡིན་པ། (ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཀྲའོ་ཁའེ་ཡིས་པར་བརྒྱབ)
འདི་ནི་ཐེ་རི་ནི་ཏ་དང་ཐོ་པ་ཀོ་ལི་སཱ་སི་ཅའོ་གྲུ་ཁར་གནས་པའི་ཧྥུང་ཧོང་བཟོ་ལས་གླིང་ཡིན་པ། (ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཀྲའོ་ཁའེ་ཡིས་པར་བརྒྱབ)
འདི་ནི་ཀྲུང་གོ་དང་ཕེ་རུ་རྒྱལ་ཁབ་གཉིས་ཀྱིས་མཉམ་དུ་བསྐྲུན་པའི“རྒྱུད་གཅིག་ལམ་གཅིག”གི་གཙོ་གནད་རྣམ་གྲངས་ཏེ། ཆན་ཁའེ་གྲུ་ཁར་རིག་ནུས་ཅན་གྱི་སྒྲིག་ཆས་ཀྱིས་དོས་སྒམ་བླུག་བཞིན་པ། (ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ལི་མོང་ཤང་གིས་པར་བརྒྱབ)
ཀྲུང་ལའི་མཉམ་ལས་རྒྱུན་ཆད་མེད་པར་གཏིང་ཟབ་དང་ཏན་ཏིག་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུ་ཡིན་པ།
ཁྲའེ་ཡུས་ཀྱིས། དེང་སྐབས་རྒྱལ་སྤྱིའི་དུས་བབ་ལ་འགྱུར་ལྡོག་གཏིང་ཟབ་འགྲོ་བཞིན་ཡོད། བརྟན་ལྷིང་མེད་པ་དང་། གཏན་འཁེལ་མེད་པ། བདེ་འཇགས་མེད་པ་བཅས་ཀྱི་རྒྱུ་རྐྱེན་དེ་བས་མངོན་གསལ་དོད་དུ་འགྲོ་བཞིན་ཡོད་ལ། རྒྱལ་སྤྱིའི་ཆབ་སྲིད་དང་དཔལ་འབྱོར་གྱི་སྒྲིག་ལམ་ལ་ལེགས་སྒྲིག་ཆེན་པོ་བྱེད་བཞིན་ཡོད་པ། བཙན་དབང་རིང་ལུགས་དང་། ཕྱོགས་རྐྱང་རིང་ལུགས། སྲུང་སྐྱོང་རིང་ལུགས་བཅས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་ནུས་ཤུགས་ཡོད་རྒུས་ཁ་གཏད་གཅོག་དགོས་པའི་འགྲན་སློང་ལ་གྱུར་བཞིན་ཡོད། དུས་རབས་གསར་པ་དང་ཁོར་ཡུག་གསར་པ་ལས་བྱུང་བའི་འགྲན་སློང་གསར་པ་དང་བརྗོད་གཞི་གསར་པར་དམིགས་ནས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་ལ་འབྲེལ་བའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ཐོབ་པའི་ཉམས་མྱོང་ལ་ཕྱོགས་སྡོམ་གནང་ནས་མཐུན་སྒྲིལ་དང་། འཕེལ་རྒྱས། ཤེས་དཔལ། ཞི་བདེ། དམངས་སེམས་བཅས་ཀྱི“འདུ་འགོད་ཆེན་པོ་ལྔ”ལག་བསྟར་བྱེད་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་བས་ཀྲུང་ལ་ཡིས་དཀའ་ངལ་མཉམ་དུ་ཁྱད་བསད་བྱེད་པའི་ཆོད་སེམས་དང་གདེང་ཚོད་ཆེ་རུ་ནུས་ལྡན་ཕྱིན་ཏེ། དུས་རབས་གསར་པའི་ཀྲུང་ལ་མཉམ་ལས་ཀྱི་གནས་ཚད་གསར་པ་གཏན་འཁེལ་བྱས་ཡོད་ཅེས་བརྗོད།
ཕ་ལ་ཧྥུའུ་ཁེ་སི་ཡིས། ཀྲུང་གོ་ཕྱོགས་ཀྱིས་བཏོན་པའི“འདུ་འགོད་ཆེན་པོ་ལྔ”དང་ལ་ཀྲུང་གི་ཐུན་མོང་བྱ་སྤྱོད་འཆར་གཞི་གསར་པས་ཕྱོགས་གཉིས་ཀྱི་མཉམ་ལས་ལ་བསམ་ཕྱོགས་གསར་པ་དང་ཐབས་ལམ་གསར་པ་བཏོན་ནས། ཕྱོགས་གཉིས་པོས་མི་ཆོས་རིག་གནས་སྤེལ་རེས་དང་སློབ་གསོའི་མཉམ་ལས་ལ་སྐུལ་འདེད་གཏོང་ཆེད་དམངས་ཁྲོད་མཛའ་གྲོགས་ཀྱི་རྨང་གཞི་བརྟན་པོ་བཏིང་བ་དང་། ཚན་རྩལ་དང་ཞིང་ལས་སོགས་ཁྱབ་ཁོངས་སུ་ལ་ཏིང་མེ་གླིང་ས་ཁུལ་གྱི་འཇོན་ནུས་འཛུགས་སྐྱོང་ལ་ཤུགས་རྒྱག་པར་རོགས་རམ་ཐུབ་པ། ནུས་རྒྱུ་ཕྱོགས་སྒྱུར་དང་ལྗང་མདོག་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་མཉམ་དུ་སྐུལ་འདེད་གཏོང་བར་སྐུལ་མ་ཐེབས་རྒྱུ་རེད་ཅེས་བརྗོད།
སཱ་ལ་སར—ཞི་ལི་ན་ཆི་སི་ཡིས། ཉེ་བའི་ལོ་ཤས་རིང་གཞུང་ལམ་དང་། གྲུ་ཁ། གློག་ཤུགས་བཅས་ཕན་ཚུན་སྦྲེལ་མཐུད་དང་བསྐྱར་སྐྱེ་ཐུབ་པའི་ནུས་རྒྱུ་སོགས་ལ་ཀྲུང་མཉམ་ལས་ཀྱི་རྣམ་གྲངས་འབོར་ཆེན་ཞིག་དམིགས་སར་དོན་འཁྱོལ་བྱས་པ་དེས་ལ་ཏིང་མེ་གླིང་ས་ཁུལ་ལ་སྤུས་ཚད་མཐོ་བ་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་ཁོར་ཡུག་སྐྲུན་པར་རྒྱབ་སྐྱོར་བྱས་ཡོད། འབྱུང་འགྱུར་ལ་རྒྱང་ལྟ་བྱས་ན། ཕྱོགས་གཉིས་པོས་ནུས་རྒྱུ་ཕྱོགས་སྒྱུར་དང་། རྒྱུན་མཐུད་ཆོག་པའི་ཞིང་ལས། ཡུལ་སྐོར་ལས་རིགས། དེང་རབས་ཞབས་ཞུའི་ལས་རིགས་སོགས་ཁྱབ་ཁོངས་སུ་མཉམ་ལས་སྔར་བས་གཏིང་ཟབ་བྱས་ཏེ། མཉམ་ལས་ཀྱི་གྲུབ་འབྲས་དེ་བས་མང་བས་མི་དམངས་ལ་བདེ་སྐྱིད་བསྐྲུན་དགོས་ཞེས་བརྗོད།
ལེ་ཡེ་སི་ཡིས། མིག་སྔར། ལ་ཏིང་མེ་གླིང་གཅིག་མཐུན་ཚོགས་པའི་རྒྱལ་ཁབ་ལ་འཕྲད་པའི་ལས་འགན་གལ་ཆེན་གྱི་གྲས་ཤིག་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ནང་དོན་ཟབ་མོར་ཤེས་རྟོགས་གཏིང་ཟབ་བྱ་རྒྱུ་དེ་རེད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་དེ་ནུབ་ཕྱོགས་ཀྱིས་འདས་ཟིན་པའི་དུས་རབས་གཉིས་ནང་བསྐྱོད་པའི་འཕེལ་རྒྱས་ཀྱི་ཐབས་ལམ་འདྲ་བཟོ་བྱས་པ་ཞིག་མ་ཡིན་པར། དེ་ནི་བསྟུན་མཁས་རང་བཞིན་དང་། རྒྱུན་མཐུད་རང་བཞིན། མཐུན་སྦྱོར་རང་བཞིན་བཅས་ཀྱི་འཕེལ་རྒྱས་གཏོང་སྟངས་ནན་བཤད་བྱས་ཏེ། ལ་ཀྲུང་མཉམ་ལས་ལ་སྒྲོམ་གཞི་དང་བསམ་ཕྱོགས་གསར་པ་མཁོ་འདོན་བྱས་ཡོད་ཅེས་བརྗོད།
(འདི་ག་ཚགས་པར་གྱི་གསར་འགོད་པ་ཝང་ཞའོ་པོ་དང་། ཁྲེན་དབྱི་མིན། སུང་དབྱི་རན། ཞེ་ཅ་ཉིང་བཅས་ཀྱིས་བཅར་འདྲི་ལེགས་སྒྲིག་བྱས)