ཞི་ཅིན་ཕིང་གིས་ཨེ་ཁྭ་ཏོར་གྱི་ཙུང་ཐུང་ནོ་ཝོ་ཡ་དང་མཇལ་འཛོམས་གནང་བ།
འདི་ནི་ཟླ་6ཚེས་27ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་དབྱར་དུས་ཏ་ཝོ་སི་གླེང་སྟེགས་ལ་ཞུགས་པར་ཕེབས་པའི་ཨེ་ཁྭ་ཏོར་གྱི་ཙུང་ཐུང་ནོ་ཝོ་ཡ་དང་མཇལ་འཛོམས་གནང་བ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་27ཉིན་གློག་འཕྲིན་འབྱོར་གསལ། ཟླ་6ཚེས་27ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་དབྱར་དུས་ཏ་ཝོ་སི་གླེང་སྟེགས་ལ་ཞུགས་པར་ཕེབས་པའི་ཨེ་ཁྭ་ཏོར་གྱི་ཙུང་ཐུང་ནོ་ཝོ་ཡ་དང་མཇལ་འཛོམས་གནང་བ་རེད།
ཞི་ཅིན་ཕིང་གིས་གསུངས་དོན། ད་ལོ་ནི་ཀྲུང་ཨེའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་45འཁོར་བའི་ལོ་ཞིག་ཡིན་པ་དང་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་ཡོད། ཨེ་ཁྭ་ཏོར“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་ཁྱིམ་ཚང་ཆེན་པོའི་ནང་ཞུགས་པ་དང་ཕྱོགས་གཉིས་པོས་རང་མོས་ཚོང་དོན་གྲོས་མཐུན་ལ་མིང་རྟགས་བཀོད་དེ་ནུས་རྒྱུ་དང་། གཏེར་ལས། གློག་ཤུགས། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སོགས་ཁྱབ་ཁོངས་སུ་ཕན་འབྲས་ཀྱིས་ཕྱུག་པའི་མཉམ་ལས་བྱས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་འཐབ་ཇུས་ཀྱི་མཐོ་ཚད་དང་ཕུགས་ཀྱི་ཟུར་ཚད་ནས་ཀྲུང་ཨེའི་འབྲེལ་བར་ལྟ་སྟངས་འཛིན་པ་དང་འཕེལ་རྒྱས་གཏོང་གི་ཡོད། ཨེ་ཁྭ་ཏོར་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ་ཀྲུང་ཨེའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་ཟམ་མི་ཆད་པར་གཏིང་ཟབ་དང་ཏན་ཏིག་ཡོང་བར་སྐུལ་འདེད་བཏང་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་བདེ་དེ་བས་མང་བ་སྐྲུན་འདོད་ཡོད།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་ཨེ་ཕྱོགས་གཉིས་ཀ་ཕན་ཚུན་བརྩི་འཇོག་དང་ཡིད་ཆེས་བྱེད་པའི་གྲོགས་པོ་བཟང་པོ་དང་ཐུན་མོང་འཕེལ་རྒྱས་ཀྱི་རོགས་ཟླ་བཟང་པོ་བྱེད་དགོས། མུ་མཐུད་ཕན་ཚུན་དབར་གྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་གལ་ཆེན་ལ་རྒྱབ་སྐྱོར་བརྟན་པོ་བྱས་ཏེ་ཁྱབ་ཁོངས་ཁག་དང་རིམ་པ་ཁག་གི་འགྲོ་འོང་ལ་ཤུགས་སྣོན་བརྒྱབ་ནས་རྒྱལ་སྐྱོང་སྲིད་འཛིན་གྱི་ཉམས་མྱོང་སྤེལ་རེས་བྱེད་ཟབ་ཏུ་གཏོང་དགོས། གཙོ་གནད་མཉམ་ལས་རྣམ་གྲངས་དོན་འཁྱོལ་ཡག་པོ་བྱས་ཏེ་གྲུབ་འབྲས་ཏན་ཏིག་ཐོབ་པར་སྐུལ་འདེད་དང་ཕྱོགས་གཉིས་པོའི་ཚོང་དོན་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་དགོས། སློབ་གསོ་དང་། རིག་གནས། སྨྱན་སྦྱོར། གཞོན་ནུ་སོགས་ཁྱབ་ཁོངས་ཀྱི་སྤེལ་རེས་ལ་ཤུགས་སྣོན་བརྒྱབ་སྟེ་ཕན་ཚུན་སློབ་སྦྱོང་དང་དཔྱད་གཞིར་འཛིན་རེས་བྱ་རྒྱུ་ཟབ་ཏུ་གཏོང་དགོས། ཀྲུང་གོ་དང་ལ་ཏིང་མེ་གླིང་གི་གླེང་སྟེགས་སྐབས་བཞི་པའི་པུའུ་ཀྲང་རིམ་པའི་གྲོས་ཚོགས་ཀྱི་གྲུབ་འབྲས་དོན་འཁྱོལ་ཡག་པོ་བྱེད་པ་དང་། ཀྲུང་གོ་དང་ལ་ཏིང་མེ་གླིང་གི་མཛའ་གྲོགས་ལ་སྐུལ་འདེད་གཏོང་བ། འཕེལ་རྒྱས་དང་དར་རྒྱས་ཐུན་མོང་ཐོག་ཇུས་འགོད་བྱེད་པ། ཀྲུང་གོ་དང་ལ་ཏིང་མེ་གླིང་གི་ལས་དབང་གཅིག་མཐུན་ཚོགས་པ་ཐུན་མོང་ཐོག་འཛུགས་པ་བཅས་བྱས་ནས་འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ལ་དྲང་ནུས་སྣོན་དགོས།
ནོ་ཝོ་ཡ་ཡིས་གསུངས་དོན། ཀྲུང་གོར་འཛམ་གླིང་ཀུན་གྱིས་དོ་སྣང་བྱེད་པའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ཐོབ་པར་མི་རྣམས་ཀྱིས་ཡིད་སྨོན་བྱེད་ཀྱི་ཡོད། ཨེ་ཀྲུང་ཕྱོགས་གཉིས་པོས་དུས་ཡུན་རིང་པོའི་ནང་ཕན་ཚུན་བརྩི་འཇོག་དང་འདྲ་མཉམ་གཉིས་ཕན་མཐའ་འཁྱོངས་བྱས་ཏེ་གྲུབ་འབྲས་ཐོབ་པའི་མཉམ་ལས་རྒྱ་ཁྱབ་ངང་བྱེད་པ་དང་། ཀྲུང་གོ་ཕྱོགས་ཀྱིས་ཨེ་ཁྭ་ཏོར་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱབ་སྐྱོར་དང་རོགས་རམ་ཤུགས་ཆེན་བྱས་པ་དེ་ཨེ་ཁྭ་ཏོར་ཕྱོགས་ཀྱིས་ནམ་ཡང་བརྗེད་མི་སྲིད། ཨེ་ཁྭ་ཏོར་ཕྱོགས་ཀྱིས་ཀྲུང་གོ་དང་འབྲེལ་བ་ཟམ་མི་ཆད་པར་ཟབ་ཏུ་གཏོང་བ་དང་། དཔལ་འབྱོར་ཚོང་དོན་འགྲོ་འོང་ལ་ཤུགས་སྣོན་རྒྱག་པ། ཚན་རྩལ་དང་། རིག་གནས། སློབ་གསོ། གཞོན་ནུ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཟབ་ཏུ་གཏོང་བ་བཅས་བྱས་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ཕན་བདེ་དེ་བས་མང་བ་བསྐྲུན་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད།
མཇལ་འཛོམས་གནང་གྲུབ་རྗེས། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས《“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྲིད་གཞུང་དང་ཨེ་ཁྭ་ཏོར་སྤྱི་མཐུན་རྒྱལ་ཁབ་སྲིད་གཞུང་གི་མཉམ་ལས་འཆར་འགོད》ལ་མིང་རྟགས་བཀོད་པར་ལྷན་དུ་དཔང་པོ་གནང་བ་རེད།
ཝང་དབྱི་གོང་གསལ་གྱི་བྱེད་སྒོར་ཞུགས་པ་རེད།