ཀྲུང་གོ་མི་དམངས་ཀྱི་ཕྱི་ཕྱོགས་མཛའ་མཐུན་མཐུན་ཚོགས་ཀྱི་འཐུས་མི་ཚོགས་པས་ཧྥ་རན་སེར་འཚམས་འདྲི་བྱས་པ།
ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཕ་རི་སི་ནས་ཟླ་6ཚེས་24ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཧྥ་རན་སེའི་པུ་ལེ་ཐ་ཉི་ཁུལ་ཆེན་དང་ཧྥ་རན་སེའི་དཔལ་འབྱོར་རིག་གནས་རྒྱལ་སྤྱིའི་མཉམ་ལས་འཕེལ་རྒྱས་མཐུན་ཚོགས་ཀྱི་གདན་ཞུས་ལྟར། ཀྲུང་གོ་མི་དམངས་ཀྱི་ཕྱི་ཕྱོགས་མཛའ་མཐུན་མཐུན་ཚོགས་ཀྱི་ཚོགས་གཙོ་དབྱང་དབན་མིང་གིས་ཚོགས་པའི་སྣེ་ཁྲིད་དེ་ཧྥ་རན་སེར་འཚམས་འདྲི་བྱས་ནས་ཧྥ་རན་སེའི་རྒྱལ་དམངས་གྲོས་ཚོགས་ཕྱི་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྥུ་ཁེ་སི་དང་། ཕྱི་འབྲེལ་པུའི་ས་གནས་དང་དམངས་ཁྲོད་མཉམ་ལས་ཧྲུའུ་ཡི་ཧྲུའུ་ཀྲང་ཤའོ་ལེ། ཧྥ་རན་སེའི་གྲོང་ཁྱེར་མནའ་འབྲེལ་གྱི་ཀྲུའུ་ཞི་གཞོན་པ་ཕི་ལེ། པུ་ལེ་ཐ་ཉི་ཁུལ་ཆེན་གྱི་ཀྲུའུ་ཞི་ཅི་ལར། ཧྥ་རན་སེའི་སྟོད་རྒྱུད་ཁུལ་ཆེན་གྱི་ཀྲུའུ་ཞི་པེ་ཐེ་ལང་བཅས་དང་། དེ་བཞིན་ལེ་ཨེན་གྲོང་ཁྱེར་དང་། ལུའུ་ཨང་གྲོང་ཁྱེར། ཧྥ་ཀྲུང་མཛའ་གྲོགས་མཐུན་ཚོགས་མཉམ་འབྲེལ་ལྷན་ཚོགས། ཧྥ་རན་སེའི་དཔལ་འབྱོར་རིག་གནས་རྒྱལ་སྤྱིའི་མཉམ་ལས་འཕེལ་རྒྱས་མཐུན་ཚོགས། ལུའུ་ཨང་དང་ཉིང་པོ་ཨུ་ཡོན་ལྷན་ཁང་སོགས་ས་གནས་སྲིད་གཞུང་དང་མཛའ་མཐུན་རྩ་འཛུགས་ཀྱི་འགན་འཁུར་བ་དང་ཐུག་འཕྲད་བྱས་པ་དང་འབྲེལ། ཀྲུང་གོ་དང་ཧྥ་རན་སེའི་མཛའ་གྲོགས་ཀྱི་ལས་འགྲོ—ཀྲུང་གོ་དང་ཧྥ་རན་སེའི་མཛའ་གྲོགས་མེ་ཏོག་ལྡུམ་རའི་ལས་འགོ་འཛུགས་པའི་མཛད་སྒོ་དང་ཙུའོ་ལཱ་སློབ་འབྲིང་གི་རྒྱ་ཡིག་སློབ་ཁྲིད་གྲུབ་འབྲས་འགྲེམས་སྟོན་བྱེད་སྒོར་ཞུགས་པ་རེད།
ཕྱོགས་ཁག་གིས། རྒྱལ་ཁབ་གཉིས་པོའི་གཙོ་བདག་གི་ཐུན་མོང་ངོས་འཛིན་གལ་ཆེན་དོན་འཁྱོལ་ཡག་པོ་བྱེད་པ་དང་། ཀྲུང་གོ་དང་ཧྥ་རན་སེའི་དམངས་ཁྲོད་ཁྱབ་ཁོངས་ཁག་གི་མཛའ་མཐུན་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ། ཀྲུང་གོ་དང་ཧྥ་རན་སེའི་ས་གནས་སྲིད་གཞུང་གི་མཉམ་ལས་མཐོ་རིམ་གླེང་སྟེགས་སོགས་ཀྱི་བྱེད་སྒོ་ཐུན་མོང་ཐོག་གྲ་སྒྲིག་ཡག་པོ་བྱེད་པ། ཀྲུང་གོ་དང་ཧྥ་རན་སེའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བར་གསོན་ཤུགས་གསར་པ་སྣོན་པ་བཅས་བྱས་ཏེ། ཀྲུང་གོ་དང་ཡོ་རོབ་ཀྱི་འབྲེལ་བར་འཕེལ་རྒྱས་གསར་པ་ཡོང་བར་རམ་འདེགས་བྱེད་ཀྱི་ཡིན་ཞེས་བརྗོད་པ་རེད།