མཚོ་སྔོན་གྱི་ངོ་འཕྲད་གྲོས་མོལ་ཚོགས་འདུས་མཚོ་སྔོན་གྱི་སྤུས་ལེགས་ཐོན་རྫས་ཧྲང་ཧའེ་ཡི་ཁྲོམ་ར་ཆེན་པོར་བཙོང་རྒྱུར་རམ་འདེགས་བྱས་པ།
མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཟླ་6ཚེས་24ཉིན། མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིང་གིས་གཙོ་གཉེར་བྱས་པའི“ཕྱི་ཕྱོགས་ཚོང་དོན་གྱི་སྤུས་ལེགས་ཐོན་རྫས་གྲོང་ཁྱེར་དང་ཀྲོའུ་རུ་འཚོང་བ”དང“ཧྲང་ཧའེ་དང་མཚོ་སྔོན་གྱི་སྤུས་ལེགས་ཐོན་རྫས”སྤུས་རྟགས་ཅན་གྱི་བགྲོ་གླེང་ཚོགས་འདུའི་རིམ་སྤེལ་བྱེད་སྒོ་ཟི་ལིང་དུ་འགོ་ཚུགས་ཤིང་། ད་རེས་ཀྱི་བྱེད་སྒོའི་དམིགས་ཡུལ་ནི་ཧྲང་ཧའེ་ཡིས་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་མཚོ་སྔོན་གྱི་ཁྱད་ལྡན་ཞིང་འབྲོག་ལས་ཀྱི་ཐོན་རྫས་ཧྲང་ཧའེ་ཡི་ཁྲོམ་རར་འབྲེལ་མཐུད་གནད་སྨིན་བྱས་ཏེ། མཚོ་སྔོན་གྱི་ཁྱད་ལྡན་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱ་རྒྱུ་ཡིན་པ་རེད།
ཞིང་ཆེན་ཚོང་དོན་ཐིང་དང་ཧྲང་ཧའེ་ཡི་མཚོ་སྐྱོར་འབྲེལ་གཏུག་ཚོགས་ཆུང་གི་རྒྱབ་སྐྱོར་ལ་བརྟེན་ནས་བརྟག་ཞིབ་ཚོགས་ཆུང་གིས་ཟི་ལིང་གྲོང་ཁྱེར་གསེར་ཁོག་ཧུའེ་རིགས་ཧོར་རིགས་རང་སྐྱོང་རྫོང་དང་། གྲོང་དཀྱིལ་ཆུས། ཙོང་ཁ་ཆུས་བཅས་ཀྱི་ཡུལ་དངོས་ལ་བསྐྱོད་དེ། འབྲི་གཡག་དང་། གྲང་བསིལ་སྔོ་ཚལ། ནས་སོགས་ཀྱི་ཁྱད་ལྡན་ཐོན་ལས་ལ་རྟོག་ཞིབ་བྱས་ཤིང་། ཐོན་ལས་བྱེད་པོ་5ལ་བསྐྱོད་པ་དང་སྤེལ་རེས་ཀྱི་བཞུགས་མོལ་ཚོགས་འདུ་ཐེངས་3འཚོགས་པ་བརྒྱུད། བརྟག་ཞིབ་ཚོགས་པས་དེ་གའི་ཐོན་ལས་འཕེལ་རྒྱས་ཀྱི་གནས་སྟངས་ལ་ཁྱོན་ཡོངས་ནས་རྒྱུས་ལོན་བྱས་པ་མ་ཟད། ཐོན་རྫས་ཚད་གཞི་ཅན་དུ་འགྱུར་བ་དང་། ཁྲོམ་ར་རྒྱ་སྐྱེད་པ། སྤུས་རྟགས་འཛུགས་སྐྱོང་སོགས་ཐད་ཆེད་ལས་ཀྱི་གྲོས་འགོའང་བཏོན་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། བརྟག་ཞིབ་ཚོགས་པས་ད་དུང་མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་དང་། མཚོ་ཤར་གྲོང་ཁྱེར། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་སོགས་ལ་བསྐྱོད་ནས། དེ་གའི་ཆུ་གྲང་ཉ་དང་། འདྲེ་ཚེར་མ། སྣེའུ་འབྲུ་སོགས་ཀྱི་ཁྱད་ལྡན་ཐོན་ལས་ལ་རྟོག་ཞིབ་ཟབ་མོ་བྱས་པ་མ་ཟད། མཚོ་ཤར་ཀྲོའུ་ཡི་གོར་མོ་གྲོང་ཁྱེར་དུ་2025ལོའི་ཕྱི་ཕྱོགས་ཚོང་དོན་གྱི་སྤུས་ལེགས་ཐོན་རྫས་གྲོང་ཁྱེར་དང་ཀྲོའུ་རུ་འཚོང་བ་དང་། ཤར་རྒྱུད་དང་ནུབ་རྒྱུད་མཐུན་སྦྱོར་གྱི“ཧྲང་ཧའེ་དང་མཚོ་སྔོན་གྱི་སྤུས་ལེགས་ཐོན་རྫས”སྤུས་རྟགས་ཅན་གྱི་བགྲོ་གླེང་ཚོགས་འདུ་དང་ཧྲང་ཧའེ་ཡི་མཚོ་སྐྱོར་ཚོང་ཟོག་ཅན་དང་སྤུས་རྟགས་ཅན་གྱི་བགྲོ་གླེང་ཚོགས་འདུ་སྐབས་གཉིས་པའང་འཚོགས་པ་རེད།