མངའ་རིས་ས་ཁུལ་གྱི“མ་དངུལ་འཁོར་རྒྱུག”གི་དངུལ་བུན་ཐོག་མ་བདེ་བླག་ངང་བཏང་བ།
ཉེ་ཆར། ཀྲུང་གོ་བཟོ་ཚོང་དངུལ་ཁང་མངའ་རིས་ཡན་ལག་དངུལ་ཁང་གིས་རྒྱལ་ཡོངས་ཀྱི་ཁེ་ལས་འབྲིང་ཆུང་ཕྲན་གསུམ་གྱི་མ་དངུལ་འཁོར་རྒྱུག་གི་ཡིད་རྟོན་ཆ་འཕྲིན་མཉམ་སྤྱོད་ལས་སྟེགས་ལ་བརྟེན་ནས། དངུལ་ཁང་བརྒལ་ཏེ་མ་དངུལ་འཁོར་རྒྱུག་གི་ཡིད་རྟོན་ཆ་འཕྲིན་མཉམ་སྤྱོད་ཀྱི་བྱེད་ནུས་བརྒྱུད། མངའ་རིས་ས་ཁུལ་གྱི་ཚོང་དོན་ཚད་ཡོད་ཀུང་སི་ཞིག་ལ་གཉེར་སྐྱོང་དངུལ་བུན་སྒོར་ཁྲི་239བདེ་བླག་ངང་བཏང་སྟེ་ཁེ་ལས་ཀྱི་མ་དངུལ་འཁོར་རྒྱུག་གི་དཀའ་ངལ་དུས་ཐོག་ཏུ་ཐག་གཅོད་བྱས་པས། མངའ་རིས་ས་ཁུལ་གྱི་མ་དངུལ་འཁོར་རྒྱུག་ཆ་འཕྲིན་ལས་སྟེགས་ལ་བརྟེན་པའི་དངུལ་བུན་ལས་སྒོ་ཐོག་མ་དེ་བདེ་བླག་ངང་གཉེར་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། རྒྱལ་ཡོངས་ཀྱི་ཁེ་ལས་འབྲིང་ཆུང་ཕྲན་གསུམ་གྱི་མ་དངུལ་འཁོར་རྒྱུག་གི་ཡིད་རྟོན་ཆ་འཕྲིན་མཉམ་སྤྱོད་ལས་སྟེགས་ཀྱིས་ཁེ་ལས་འབྲིང་ཆུང་ཕྲན་གསུམ་ལ་མ་དངུལ་འཁོར་རྒྱུག་གི་ཡིད་རྟོན་ཆ་འཕྲིན་ཡིག་ཚགས་བཟོས་ཏེ། དངུལ་ཁང་སྒྲིག་གཞིས་ཡིད་རྟོན་དངུལ་བུན་གྱི་ཟིན་ཐོ་མེད་པའི་ཡིད་རྟོན་ལས་སྒོ་གང་ཡང་གཉེར་མྱོང་མེད་མཁན་ཁེ་ལས་ལ་ཚོད་སྐོར་གནད་སྨིན་བྱས་ཏེ། ཡིད་རྟོན་བྱེད་ཚད་ཁ་གསལ་བཟོ་རོགས་བྱས་པ་དེས་དངུལ་རྩའི་སྒྲིག་གཞིས་ཁེ་ལས་ལ་དེ་བས་གནད་སྨིན་གྱི་དངུལ་རྩའི་ཞབས་འདེགས་ཞུ་བར་ཕན་ཐོགས་པ་མ་ཟད། ད་དུང་དངུལ་ཁང་བརྒལ་ནས་མ་དངུལ་འཁོར་རྒྱུག་གི་ཡིད་རྟོན་ཆ་འཕྲིན་མཉམ་སྤྱོད་བྱེད་པའི་འགག་གནད་དང་དཀའ་གནད་ཐག་གཅོད་ཐུབ་ནས། ཁེ་ལས་འབྲིང་ཆུང་ཕྲན་གསུམ་གྱི་མ་དངུལ་བསྡུ་སྒྲིལ་གྱི་དཀའ་གནད་སེལ་བར་རམ་འདེགས་ནུས་ལྡན་ཐུབ་ཡོད་པ་རེད།