ཟླ་བ་དང་པོ་ནས་ལྔ་པའི་བར་བོད་ཀྱི་ཕྱི་ཕྱོགས་ཚོང་དོན་གྱི་ཕྱིར་གཏོང་ནང་འདྲེན་གྱི་དངུལ་འབོར་སྒོར་དུང་ཕྱུར་38.46ཟིན་པ།
ཉིན་ཤས་གོང་། ལྷ་ས་འགག་སྒོ་ནས་ཁྱབ་བསྒྲགས་བྱས་པའི་ཆ་འཕྲིན་ལྟར་ན། འདི་ལོའི་ཟླ་བ་དང་པོ་ནས་ལྔ་པའི་བར། བོད་ཀྱི་ཕྱི་ཕྱོགས་ཚོང་དོན་གྱི་ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་དངུལ་འབོར་སྒོར་དུང་ཕྱུར་38.46ལས་བརྒལ་ནས་དུས་མཚུངས་ལས་13.2%འཕར་བ་དང་། རྒྱལ་ཡོངས་ཀྱི་ཕྱི་ཕྱོགས་ཚོང་དོན་འཕར་ཚད་བརྒྱ་ཆའི་གྲངས་10.7ལས་བརྒལ་ནས་རྒྱལ་ཡོངས་ཀྱི་ཨང་རིམ་བརྒྱད་པར་སླེབས་ཡོད།
རང་སྐྱོང་ལྗོངས་ཀྱི་ས་གནས(གྲོང་ཁྱེར)བདུན་གྱི་ཁྲོད་ལྷ་ས་གྲོང་ཁྱེར་དང་གཞིས་རྩེ་གྲོང་ཁྱེར་གཟེངས་སུ་ཐོན་ནས་མུ་མཐུད་ཕྱི་ཕྱོགས་ཚོང་དོན་གྱི“སྒུལ་བྱེད་འཕྲུལ་འཁོར་གཉིས”ལ་གྱུར་ཡོད། དེའི་ནང་ལྷ་ས་གྲོང་ཁྱེར་གྱིས་59.7%བཟུང་བ་དང་གཞིས་རྩེ་གྲོང་ཁྱེར་གྱིས་39.5%བཟུང་ཡོད། གཞིས་རྩེ་གྲོང་ཁྱེར་གྱི་ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་དངུལ་འབོར་སྒོར་དུང་ཕྱུར་15.2ཟིན་ནས་དུས་མཚུངས་ལས་43.3%འཕར་བ་དང་འཕར་ཤུགས་ཆེན་པོ་ཡོད་པ་རེད། (པར་ངོས་བཞི་པར་གཟིགས)(པར་ངོས་དང་པོར་མཐུད)
ད་ལོ་ཚུན་དུ། ལྷ་ས་འགག་སྒོ་ལས་ཁུངས་ཀྱིས་འགན་འཁྲི་གཙོ་བོ་དང་ལས་སྒོ་གཙོ་བོར་དམིགས་ཏེ་ཤེས་རིག་བདག་དབང་སྲུང་སྐྱོང་བྱེད་ཟབ་ཏུ་གཏོང་བ་དང་ཁེ་ལས་ཀྱི་སྤུས་རྟགས་གཏོད་རྒྱུར་རོགས་རམ་བྱས་ནས། ལྟ་འདོམས་དང་ཞབས་ཞུའི་སྤུས་ཚད་དང་ཕན་འབྲས་ཕྱོགས་ཡོངས་ནས་མཐོ་རུ་བཏང་ཡོད། སྲིད་ཇུས་ཀྱི་མཁོ་སྤྲོད་བྱེད་ཤུགས་ཆེ་རུ་བཏང་བ་བརྒྱུད་ས་མཐོའི་ཁྱད་ལྡན་ཐོན་ལས་ཀྱི་མི་མངོན་པའི་ནུས་པ་མུ་མཐུད་འདོན་སྤེལ་བྱས་ཏེ། སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་གཏོང་བའི་ཐབས་ལམ་གསར་པ་འཚོལ་ཞིབ་བྱས་ཡོད།
གཞིས་རྩེ་འགག་སྒོ་ལས་ཁུངས་ཀྱིས་གནད་སྨིན་ཤུགས་འདོན་བྱས་ཏེ་ནས་ཀྱི་ཐོན་རྫས་དང་། སྤོས། གཏེར་ཆུ་སོགས་ཡུལ་ཐོན་ཁྱད་ལྡན་ཐོན་ལས་ལ་དམིགས་ཏེ། “ལས་རིགས་གཅིག་ལ་སྲིད་ཇུས་གཅིག” དང“ཁེ་ལས་གཅིག་ལ་སྲིད་ཇུས་གཅིག”གི་ཞབས་འདེགས་ཞུས་ནས། གམ་པའི་ལུག་དང་། ཕག་རིའི་འབྲི་གཡག གྲོ་མོའི་ཉ་སོགས་ཡུལ་དེ་གའི་ཁེ་ལས་10ཡི་ཁྱད་ལྡན་ཐོན་རྫས་ཀྱི་ཤེས་རིག་བདག་དབང་འགག་སྒོ་ལས་ཁུངས་སུ་ཐོ་འགོད་ལེགས་གྲུབ་ཡོང་བར་སྐུལ་འདེད་བཏང་བ་རེད། མིག་སྔའི་བར། 2025ལོར་གཞིས་རྩེ་གྲོང་ཁྱེར་དུ་ཕྱི་ཕྱོགས་ཚོང་དོན་ཁེ་ལས་15གསར་དུ་ཐོ་འགོད་བྱས་པ་དེ་དུས་མཚུངས་ལས་6.6%འཕར་བ་དང་གྲོང་ཁྱེར་ཡོངས་ལ་ཕྱི་ཕྱོགས་ཚོང་དོན་ཁེ་ལས་ཁྱོན་135ཐོ་འགོད་ལེགས་གྲུབ་བྱུང་བ་རེད།