རང་ལྗོངས་ཀྱི་ས་ཁུལ་ཁག་གིས་རྣམ་པ་སྣ་ཚོགས་ཀྱི་དུག་འགོག་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།
འདི་ནི་ཚེས་25ཉིན་གཞིས་རྩེ་གྲོང་ཁྱེར་གྲོ་མོ་རྫོང་ཕག་རི་མཐའ་མཚམས་མངགས་གཏོང་ཁང་གི་ཉེན་རྟོག་པས་སློབ་མར་དུག་རྫས་ཀྱི་གནོད་འཚེ་འཆད་འགྲེལ་རྒྱག་བཞིན་པ།
ཟླ་6ཚེས་26ཉིན་ནི་རྒྱལ་སྤྱིའི་དུག་འགོག་ཉིན་མོ་ཨང་38པ་རེད། ཉིན་ཤས་བསྟུད་མར་རང་ལྗོངས་ཀྱི་ས་ཁུལ་ཁག་ཏུ་རྣམ་པ་སྣ་ཚོགས་ཀྱི་དུག་འགོག་དྲིལ་བསྒྲགས་བྱེད་སྒོ་རྒྱ་ཁྱབ་སྤེལ་ཏེ། དུག་རྫས་ཀྱི་གནོད་འཚེའི་ཤེས་བྱ་ཁྱབ་གདལ་བཏང་བ་དང་སྤྱི་དམངས་ཀྱིས་དུག་རྫས་ལ་དོགས་ཟོན་བྱེད་ཚད་མཐོ་རུ་ནུས་ལྡན་བཏང་ནས་སྤྱི་ཚོགས་ཡོངས་སུ་དུག་འགོག་གི་རྣམ་པ་ཟབ་མོ་ཞིག་ཆགས་པར་བྱས་ཡོད།
ཚེས་26ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་དུག་འགོག་གཞུང་དོན་ཁང་གིས་གུང་གཞོན་སྡེ་ཚོགས་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་དང་ལྷ་ས་གྲོང་ཁྱེར་དུག་འགོག་གཞུང་དོན་ཁང་གིས་མཉམ་འབྲེལ་ཐོག་2025ལོའི“6·26”རྒྱལ་སྤྱིའི་དུག་འགོག་ཉིན་མོའི་དུག་འགོག་སློབ་གསོའི་རྟེན་གཞིའི་སྒོ་བྱང་བཀལ་བ་དང་དུག་འགོག་སློབ་དེབ་ཞལ་འདེབས་རྒྱག་པའི་མཛད་སྒོ་འཚོགས་པ་རེད།
རང་སྐྱོང་ལྗོངས་དུག་འགོག་ཨུ་ལྷན་གྱི་འབྲེལ་ཡོད་འགན་འཁུར་བས་ལྗོངས་ཡོངས་ཀྱི་རིམ་ཁག་དུག་འགོག་སྡེ་ཚན་གྱིས་ད་ཐེངས་ཀྱི“6·26”རྒྱལ་སྤྱིའི་དུག་འགོག་ཉིན་མོའི་བྱེད་སྒོ་གོ་སྐབས་སུ་བརྩིས་ཏེ། “རྡུང་རྡེག་དང་། སྔོན་འགོག དོ་དམ། ཚོད་འཛིན། དྲིལ་བསྒྲགས”སོགས་དུག་འགོག་བྱེད་ཐབས་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ་དང་། མུ་མཐུད་རྡུང་རྡེག་ཚ་ནན་གཏོང་བ། རང་ལྗོངས་ཀྱི་ཁྱད་ཆོས་ལྡན་པའི་དུག་རྫས་སྔོན་འགོག་གི་སློབ་གསོའི་ལས་དོན་ལེགས་པར་སྒྲུབ་པ་བཅས་བྱས་ནས་ལྗོངས་ཡོངས་ཀྱི་དུག་འགོག་ལས་དོན་ནུས་ལྡན་སྤེལ་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་གི་ཡིན་ཞེས་བཤད་པ་རེད།
ཚེས་25ཉིན། གཞིས་རྩེ་གྲོང་ཁྱེར་གྲོ་མོ་རྫོང་དུ་ཕག་རི་མཐའ་མཚམས་མངགས་གཏོང་ཁང་གི་ཉེན་རྟོག་པས་གནས་ཚུལ་ཐོན་ཁུལ་བྱེད་པ་དང་བྱ་དགའ་ཡོད་པའི་ཤེས་བྱའི་དྲི་བ་དྲིས་ལན་སོགས་རྣམ་པ་སྣ་ཚོགས་བརྒྱུད། ཕྲུ་གུ་ཚོར་དུག་འགོག་སློབ་ཚན་དམིགས་བསལ་ཞིག་ཁྲིད་དེ། ཕྲུ་གུ་ཚོས་དུག་འགོག་ཤེས་བྱ་ཁོང་དུ་ཆུད་པར་བྱས་པ་དང་ཆབས་ཅིག “བདེ་ཐང་གི་མི་ཚེ། ལྗང་མདོག་དུག་མེད”ཀྱི་འདུ་ཤེས་ཕྲུ་གུ་ཚོའི་སེམས་སུ་ཟུག་པར་བྱས་ནས་ཁོང་ཚོ་བདེ་ཐང་ངང་འཚར་ལོངས་ཡོང་བར་སྲུང་སྐྱོང་བྱས་པ་རེད།
ཚེས་26ཉིན་གྱི་སྔ་དྲོར། མངའ་རིས་ཀྱི་ས་ཁུལ་དང་རྫོང་རིམ་པ་གཉིས་ཀྱི་དུག་འགོག་གཞུང་དོན་ཁང་གིས་དུག་འགོག་ཨུ་ལྷན་གྱི་ཁོངས་མིའི་ཚན་པ་དང་མཉམ་དུ“སྨན་རྫས་གང་བྱུང་དུ་མི་སྤྱོད་པར་དུག་རྫས་མེད་པའི་བདེ་ཐང་གི་མི་ཚེ་སྐྱེལ”ཞེས་པ་བརྗོད་དོན་གཙོ་བོར་བྱས་ཏེ། སེང་གེ་ཁ་འབབ་ཁྲོམ་གཞུང་དུ་དུག་འགོག་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད། བྱེད་སྒོ་སྤེལ་ཡུལ་དུ་དུག་འགོག་ལས་དོན་མི་སྣས་ཕར་འགྲོ་ཚུར་འོང་བྱེད་མཁན་མང་ཚོགས་ལ་དུག་རྫས་ཀྱི་རིགས་སྣ་དང་། གནོད་སྐྱོན། དེ་བཞིན་དུག་རྫས་གསར་པའི་ཕྱིའི་རྣམ་པ་བཅས་གསལ་བཤད་ཞིབ་ཕྲ་བརྒྱབ་ཅིང་། དེའི་རིང་སྨན་རྫས་གང་བྱུང་དུ་སྤྱད་པའི་གནོད་འཚེ་དང་དེ་བཞིན་སྔོན་འགོག་བྱ་ཐབས་གཙོ་གནད་དུ་བཟུང་ནས་ནན་བཤད་བྱས་པ་རེད།
ཚེས་26ཉིན། ནག་ཆུ་གྲོང་ཁྱེར་སྙན་རོང་རྫོང་སངས་ལུང་ཤང་རྡོ་ཁམ་པ་གྲོང་ཚོས“གཞོན་ནུ་ལོ་ཆུང་གིས་སྨན་རྫས་གང་བྱུང་དུ་སྤྱོད་པའི་གནས་ཚུལ་མ་བྱུང་སྔོན་འགོག་བྱེད་དགོས”ཞེས་པ་བརྗོད་དོན་གཙོ་བོར་བྱས་ནས་དུག་འགོག་དྲིལ་བསྒྲགས་ཚོགས་འདུ་འཚོགས་པར་གཞོན་ནུ་ལོ་ཆུང་དང་ཁྱིམ་བདག་མང་པོ་ཞིག་ཞུགས་པ་རེད། སྒྲོག་འགྲེལ་ཚོགས་འདུའི་ཐོག་གཞོན་ནུ་ལོ་ཆུང་གིས་སྨན་རྫས་གང་བྱུང་དུ་སྤྱོད་པའི་རྟགས་མཚན་ཇི་ལྟར་བྱས་ནས་དབྱེ་འབྱེད་བྱེད་དགོས་ལུགས་ངོ་སྤྲོད་བྱས་པ་དང་འབྲེལ། ཁྱིམ་བདག་ལ་ཕྲུ་གུའི་ལུས་པོ་དང་། བྱ་སྤྱོད། སྤྱི་ཚོགས་འབྲེལ་བ་བཅས་ཐད་ཀྱི་རྒྱུན་གཏན་མིན་པའི་འགྱུར་ལྡོག་ལ་དོ་ཁུར་བྱས་ནས་ཕྲུ་གུ་ཚོ་སྐྱོན་བྲལ་ངང་འཚར་ལོངས་ཡོང་བར་རོགས་རམ་བྱེད་དགོས་པའི་དྲན་སྐུལ་ཡང་བྱས་པ་རེད།
ཚེས་26ཉིན། དུག་རྫས་དབྱེ་འབྱེད་དང་། དུག་རྫས་སྔོན་འགོག དུག་རྫས་གཏན་འགོག་བཅས་ཀྱི་མང་ཚོགས་ཀྱི་འདུ་ཤེས་ཟབ་ཏུ་དང་ནུས་པ་ཆེ་རུ་ཏན་ཏིག་གཏོང་ཆེད། ཉིང་ཁྲི་གྲོང་ཁྱེར་དང་བྲག་ཡིབ་ཆུས་རིམ་པ་གཉིས་ཀྱི་དུག་འགོག་གཞུང་དོན་ཁང་གིས་དུག་འགོག་ཨུ་ལྷན་གྱི་ཁོངས་མིའི་སྡེ་ཚན་དང་མཉམ་འབྲེལ་ཐོག ཀོང་པོ་སྤྱི་གླིང་དུ“གཞོན་ནུ་ལོ་ཆུང་གིས་སྨན་རྫས་གང་བྱུང་དུ་སྤྱོད་པའི་གནས་ཚུལ་མ་བྱུང་སྔོན་འགོག་བྱེད་དགོས”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་དུག་འགོག་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད། བྱེད་སྒོ་སྤེལ་ཡུལ་དུ་དུག་འགོག་དྲིལ་བསྒྲགས་ཉེན་རྟོག་པས་ས་གནས་ས་ཐོག་ཏུ་ཡོད་པའི་མང་ཚོགས་ལ་དུག་རྫས་ཀྱི་གནོད་འཚེ་འགྲེལ་བཤད་བརྒྱབ་པ་མ་ཟད། དུག་རྫས་དབྱེ་འབྱེད་བྱེད་སྟངས་དང་དུག་འགོག་གི་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་ཁྱབ་གདལ་ཡང་བཏང་བ་རེད།
རྒྱལ་སྤྱིའི་དུག་འགོག་ཉིན་མོར། ལྷོ་ཁ་གྲོང་ཁྱེར་རྒྱ་ཚ་རྫོང་དུ་དུག་འགོག་སློབ་གསོའི་རྟེན་གཞི་དངོས་སུ་སྐྲུན་མཇུག་འགྲིལ་བ་དང་འབྲེལ་བེད་སྤྱོད་གཏོང་འགོ་ཡང་ཚུགས་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། རྟེན་གཞི་དེར་བྱེད་ནུས་ཁུལ་མང་པོ་ཡོད། འགྲེམས་སྟོན་ཁུལ་གྱིས་ཞིབ་ཅིང་ཕྲ་བའི་དཔྱད་གཞིའི་ཡིག་རིགས་དང་། ཧང་སངས་དགོས་པའི་པར་རིས། མངོན་སུམ་གྱི་དུག་རྫས་འདྲ་དཔེ། དེ་བཞིན་བརྒྱུད་ལམ་སྣེ་མང་གི་ངོམས་སྟོན་སྒྲིག་ཆས་བཅས་བརྒྱུད་དུག་རྫས་ཀྱི་ལོ་རྒྱུས་དང་། རིགས་སྣ། གནོད་སྐྱོན། དེ་བཞིན་རང་རྒྱལ་གྱི་དུག་འགོག་འཐབ་རྩོད་ཁྲོད་ཐོབ་པའི་གྲུབ་འབྲས་མངོན་གསལ་དོད་པོ་བཅས་ཕྱོགས་ཡོངས་ནས་མངོན་པར་བྱས་པ་རེད།