མ་ལེ་ཞི་ཡའི་དཔོན་རིགས་ཀྱིས་བརྗོད་དོན།
ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱིས་མཉམ་ལས་བྱས་ཏེ་དྲ་རྒྱའི་ཉེས་གསོག་ལ་ཁ་གཏད་གཅོག་དགོས།
ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཁཱ་ལ་ལུམ་ཕུར་ནས་ཟླ་6ཚེས་24ཉིན་གློག་འཕྲིན་འབྱོར་གསལ། ཚེས་24ཉིན། མ་ལེ་ཞི་ཡའི་ནང་སྲིད་པུའུ་ཀྲང་སའེ་དབྱི་ཧྥུའུ་ཏིང་གིས་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱིས་མཉམ་ལས་ལ་ཤུགས་སྣོན་རྒྱག་དགོས་པ་དང་འབྲེལ་བྱ་སྤྱོད་ནུས་ལྡན་སྤྱད་དེ་ཉིན་རེ་བཞིན་མང་དུ་འགྲོ་བའི་དྲ་རྒྱའི་ཉེས་གསོག་ལ་ངེས་པར་དུ་ཁ་གཏད་གཅོག་དགོས། ཉེས་གསོག་དེ་དག་དངུལ་རྩའི་ཁ་བསླུས་དང་བཙན་ལེན་མཉེན་ཆས་ཀྱི་ཕར་རྒོལ་སོགས་དང་འབྲེལ་བ་ཡོད་པ་རེད་ཅེས་བརྗོད།
མ་ལེ་ཞི་ཡའི་རྒྱལ་ཁབ་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། ཉིན་དེར་སའེ་དབྱི་ཧྥུའུ་ཏིང་གིས་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱིས་རྒྱལ་སྒྲོལ་ཉེས་གསོག་ལ་རྡུང་རྡེག་གཏོང་བའི་མཐོ་རིམ་དཔོན་རིགས་ཀྱི་ཚོགས་འདུ་སྐབས་ཉེར་ལྔ་པའི་འགོ་ཚུགས་ཚོགས་འདུའི་ཐོག གྲངས་འཛིན་ཚན་རྩལ་འཕེལ་རྒྱས་མགྱོགས་པོ་ཕྱིན་པ་དང་བསྟུན་ནས་ཉེས་གསོག་བྱེད་སྤྱོད་དེ་དག་མིག་སྔར་ངེས་པར་དུ་ཁ་གཏད་གཅོག་དགོས་པའི་འགྲན་སློང་དྲག་པོ་ཞིག་ཏུ་གྱུར་ཡོད། ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱིས་ལག་རྩལ་གསར་པའི་བྱ་ཐབས་སྤྱོད་རྒྱུ་ཡིན་པ་དེའི་ནང་འགན་འཁུར་པོས་མི་ཐབས་རིག་ནུས་བེད་སྤྱོད་བྱས་ཏེ། འབྲེལ་ཡོད་ཕྱོགས་ཀྱིས་ཉེས་གསོག་བྱེད་སྤྱོད་དབྱེ་འབྱེད་དང་། སྔོན་འགོག ཁྲིམས་སྒྱུར་བཅས་དོན་འཁྱོལ་བྱེད་པའི་ནུས་པ་ཆེ་རུ་གཏོང་དགོས་པ་ཚུད་ཡོད་ཅེས་བརྗོད། གཞན་ཡང་། ཁོང་གིས་ལག་རྩལ་ཁོ་ནར་བརྟེན་ན་མི་འདང་བ་མ་ཟད། ད་དུང་འབྲེལ་ཡོད་ཕྱོགས་ཁག་གི་ཕན་ཚུན་ཡིད་ཆེས་དང་། ཆ་འཕྲིན་མཉམ་སྤྱོད། ནུས་པ་འཛུགས་སྐྱོང་སོགས་ལ་བརྟེན་ན་གཞི་ནས་འགྲན་སློང་དེ་དག་ལ་ཁ་གཏད་གཅོག་པའི་མཉམ་ཤུགས་ཤིག་ཆགས་ཐུབ་ཅེས་བརྗོད།