ཀྲུང་འཇར་གྱི་གྲོང་ཁྱེར་དབུ་ཚོགས་སྐབས་དང་པོ་ཧྥ་ལན་ཁེ་ཧྥུའུ་རུ་འཚོགས་ཏེ།
མཛའ་བཤེས་ཀྱིས་གྲོང་ཁྱེར་མཉམ་སྦྲེལ་དང་མཉམ་ལས་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།
འདི་ནི་དབུ་ཚོགས་ཚོགས་རིང་ཀོང་ཀྲོའུ་དང་། ཆིང་ཏའོ། ཁུན་མིང་སོགས་ཚུད་པའི་ཀྲུང་གོའི་གྲོང་ཁྱེར་གྱིས་འགྲེམས་པང་བརྒྱུད་འབྲེལ་ཡོད་ཐོན་རྫས་འགྲེམས་སྟོན་བྱས་ནས་འཇར་མན་གྱི་མགྲོན་པོ་ལྟ་སྐོར་དང་བློ་འདྲི་བྱེད་པར་ཡོང་རྒྱུའི་ཡིད་དབང་བཀུག་པ།
ཉིན་ཤས་གོང་། འཇར་མན་རྒྱལ་སྤྱིའི་མཉམ་ལས་སྒྲིག་གཞི་དང་། ཀྲུང་གོ་མི་དམངས་ཕྱི་ཕྱོགས་མཛའ་གྲོགས་མཐུན་ཚོགས། ཧྥ་ལན་ཁེ་ཧྥུའུ་རུ་བཅའ་སྡོད་ཀྲུང་གོའི་སྤྱི་ཁྱབ་ཁེ་སྐྱོང་ལས་ཤག་བཅས་ཀྱིས་མཉམ་དུ་གཙོ་གཉེར་བྱས་པའི་ཀྲུང་འཇར་གྲོང་ཁྱེར་དབུ་ཚོགས་སྐབས་དང་པོ་འཇར་མན་གྱི་ཧྥ་ལན་ཁེ་ཧྥུའུ་རུ་འཚོགས་པར། ཀྲུང་འཇར་རྒྱལ་ཁབ་གཉིས་ཀྱི་གྲོང་ཁྱེར་20ལྷག་ནས་ཡོང་བའི་སྲིད་གཞུང་གི་འཐུས་མི་དང་བཟོ་ཚོང་ལས་རིགས་ཀྱི་མི་སྣ་100ལྷག་ཞུགས་ཡོད་པ་དང་། དབུ་ཚོགས་ཐོག“གོ་ལ་ཧྲིལ་པོའི་འགྲན་སློང་ལ་མཉམ་དུ་ཁ་གཏད་བཅག་ནས། རྒྱུན་མཐུད་ཆོག་པའི་འབྱུང་འགྱུར་གཏོད”ཅེས་པའི་བརྗོད་དོན་གཙོ་བོར་དམིགས་ནས་དཔྱད་བསྡུར་དང་སྤེལ་རེས་བྱས་ཏེ། རྒྱལ་ཁབ་གཉིས་པོའི་གྲོང་ཁྱེར་མཉམ་ལས་ཀྱི་གཡུར་ཟའི་གྲུབ་འབྲས་དང་ཡངས་ཤིང་རྒྱ་ཆེ་བའི་མདུན་ལམ་མངོན་པར་བྱས་པ་རེད།
ས་གནས་མཉམ་ལས་ཀྱི“ཕྱོགས་གཉིས་འགྲོ་འོང”ལ་སྐུལ་འདེད་བཏང་བ།
“ཧྥ་ལན་ཁེ་ཧྥུའུ་དང་ཀོང་ཀྲོའུ་དབར་མཛའ་གྲོགས་གྲོང་ཁྱེར་གྱི་འབྲེལ་བ་བཙུགས་ནས་ལོ་30ལྷག་སོང་རིང་། ང་ཚོས་ཐོག་མཐའ་བར་གསུམ་དུ་མཉམ་ལས་འབྲེལ་ཐག་འདི་འཕེལ་རྒྱས་གཏོང་རྒྱུར་མཐོང་ཆེན་བྱས་ནས་སྐུལ་འདེད་ཧུར་ཐག་གཏོང་གི་ཡོད”འཇར་ཀྲུང་གཉིས་ཀའི་ས་གནས་རིམ་ངོས་ཀྱི་སྤེལ་རེས་ཧ་ཅང་གལ་ཆེན་ཡིན་ལ། ཕྱོགས་གཉིས་པོས་ཕན་ཚུན་སློབ་སྦྱོང་བྱས་ཏེ་གནམ་གཤིས་འགྱུར་ལྡོག་སོགས་ཀྱི་འགྲན་སློང་ལ་མཉམ་དུ་ཁ་གཏད་གཅོག་འོས་ཞེས་ཧྥ་ལན་ཁེ་ཧྥུའུ་གྲོང་ཁྱེར་གྱི་ཧྲི་ཀྲང་གཡོད་སེ་ཧྥུའུ་ཡིས་བརྗོད།
“ས་གནས་ཀྱི་མཉམ་ལས་ནི་ཀྲུང་འཇར་ཕྱོགས་གཉིས་འབྲེལ་བའི་འབྱུང་རྩ་ལྟ་བུ་ཡིན་པས། ས་གནས་མཉམ་ལས་ཡག་པོ་བྱུང་ཚེ། ཕྱོགས་གཉིས་ཀའི་མི་དམངས་ལ་བདེ་རྩ་སྐྲུན་པའི་རྣམ་གྲངས་དག་དོན་འཁྱོལ་ཡག་པོ་ཐུབ་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་འདེགས་སྐྱོར་ནུས་ལྡན་བྱེད་ཐུབ” མིག་སྔར། ཀྲུང་འཇར་དབར་མཛའ་གྲོགས་ཞིང་ཆེན་དང་། མཛའ་གྲོགས་ཀྲོའུ། མཛའ་གྲོགས་གྲོང་ཁྱེར་བཅས་ཀྱི་འབྲེལ་བ་ཆ་105བཙུགས་ནས་རྒྱལ་ཁབ་གཉིས་ཀའི་འབྲེལ་བ་འཕེལ་རྒྱས་འགྲོ་བར་ཐུན་མོང་མ་ཡིན་པའི་ནུས་པ་བཏོན་པ་མ་ཟད། ད་དུང་རྒྱལ་ཁབ་གཉིས་ཀའི་མི་དམངས་དབར་ཕན་ཚུན་བསམ་ཤེས་དང་ཡིད་ཆེས་བྱེད་པའི་ཟམ་པ་ཡང་བསྐྲུན་ཡོད་ཅེས་ཀྲུང་གོ་མི་དམངས་ཕྱི་ཕྱོགས་མཛའ་གྲོགས་མཐུན་ཚོགས་ཀྱི་ཚོགས་གཙོ་དབྱང་ཝན་མིང་གིས་བརྗོད།
ཧྥ་ལན་ཁེ་ཧྥུའུ་རུ་བཅའ་སྡོད་ཀྲུང་གོའི་སྤྱི་ཁྱབ་ཁེ་སྐྱོང་བ་ཧོང་ཏེ་དབྱང་གིས། ཀྲུང་འཇར་རྒྱལ་ཁབ་གཉིས་ཀྱི་ས་གནས་རིམ་ངོས་ཀྱི་སྤེལ་རེས་མཉམ་ལས་རྒྱུན་མཐུད་ཤུགས་ཆེར་དང་མཉམ་འགུལ་བྱེད་ཚད་ཉིན་རེ་བཞིན་མང་དུ་ཕྱིན་ནས་འཕེལ་རྒྱས་ཀྱི་གསོན་ཤུགས་ཆེན་པོ་མངོན་གྱི་ཡོད། ཁག་ཐེངས་མང་ཞིང་སྤུས་ཚད་མཐོ་བའི“ཕྱོགས་གཉིས་འགྲོ་འོང”འདིའི་རིགས་ནི་ཀྲུང་འཇར་གྱི་ས་གནས་མཉམ་ལས་ཀྱི་དགོས་མཁོ་ཆེ་བ་དང་། གཉིས་ཁེ་གཉིས་ཕན་གྱི་མཚོན་ཚུལ་ཞིག་རེད་ཅེས་བརྗོད།
ལྗང་མདོག་འཕེལ་རྒྱས་ཀྱི“ཀྲུང་འཇར་དཔེ་དབྱིབས”བཏོད་པ།
ཀྲུང་གོའི་ཆིང་ཏའོ་ཡི་མཚོ་ངོགས་ནུབ་མའི་ཁུལ་གསར་དུ་ཡོད་པའི་ཀྲུང་འཇར་སྐྱེ་ཁམས་གླིང་གིས་ཀྲུང་འཇར་གྱི་ཚད་གཞི་ལྟར་ནུས་རྒྱུ་ཟད་གྲོན་ཧ་ཅང་ཆུང་ལ་སྨི་ངོས་གྲུ་ཁྲི་120ཟིན་པའི་ཨར་སྐྲུན་འདུས་འཛོམས་བསྐྲུན་པར་གོ་ལ་ཧྲིལ་པོའི་རྒྱུན་མཐུད་ཆོག་པའི་གྲོང་ཁྱེར་དང་མི་སྡོད་ཁོར་ཡུག་གི་བྱ་དགའ་ཐོབ་པ་དང་། འཇར་མན་གྱི་ཐུའུ་ལིན་ཀེན་ཀྲོའུ་ཨེར་ཧྥུའུ་ཐེ་གྲོང་ཁྱེར་དུ། ཉིང་ཏེ་དུས་རབས་ཀྱིས་ཕྱི་རྒྱལ་དུ་ཡོད་པའི་གློག་རྫས་ཐོན་སྐྱེད་རྟེན་གཞི་ཐོག་མ་བཙུགས་ནས། འཇར་མན་དང་དེ་བཞིན་ཡོ་རོབ་གླིང་གི་གློག་སྒུལ་ཅན་གྱི་ཕྱིར་སྐྱོད་དང་ནུས་རྒྱུ་ཕྱོགས་སྒྱུར་ལ་སྐུལ་འདེད་གཏོང་བར་སྒུལ་ཤུགས་གསར་པ་བསྣན་པ་སོགས་རེད།
དབུ་ཚོགས་ཐོག ཚོགས་ཞུགས་སྐུ་མགྲོན་ཚོས“ཐཱན་ཉུང་དང་གནམ་གཤིས་འཕྲོད་པའི་གྲོང་ཁྱེར་འཕེལ་རྒྱས་དང་གསར་གཏོད”སོགས་གྲོས་གཞིར་དམིགས་ནས་སྤེལ་རེས་གཏིང་ཟབ་བྱས་ཤིང་། ཚང་མས། ལྗང་མདོག་འཕེལ་རྒྱས་ནི་ཀྲུང་འཇར་གྱི་གྲོང་ཁྱེར་སྦྲེལ་མཐུད་བྱས་ནས་མཉམ་ལས་བྱེད་པའི་འབྲེལ་ཐག་གསར་པ་ཞིག་ཡིན་ལ། ཐེངས་འདིའི་དབུ་ཚོགས་ཀྱིས་ཀྲུང་འཇར་གྲོང་ཁྱེར་དབར་གྱི་ལྗང་མདོག་འཕེལ་རྒྱས་མཉམ་ལས་རྒྱ་སྐྱེད་བཏང་ཡོད་པའི་ངོས་འཛིན་བྱས་པ་རེད།
2019ལོར། ཧེ་སེན་ཀྲོའུ་རུ་གནས་པའི་ཏི་ཚེན་པ་ཧེ་དང་ཡུན་ནན་ཞིང་ཆེན་ཁུན་མིང་གྲོང་ཁྱེར་མཛའ་གྲོགས་གྲོང་ཁྱེར་དུ་གྱུར་ནས་ས་གནས་གཉིས་དབར་མཉམ་འགུལ་མང་དུ་དང་མཛའ་གྲོགས་རྒྱུན་ཆད་མེད་པར་ཟབ་ཏུ་ཕྱིན་ཡོད། “ཁུན་མིང་གི་གྲོང་ཁྱེར་སྔོ་འགྱུར་དང་གང་སར་མེ་ཏོག་གིས་བརྒྱན་པའི་ཁྲོམ་གཞུང་གི་རྣམ་པས་ང་ལ་བག་ཆགས་ཟབ་མོ་བཞག་བྱུང་། ཏེན་ཁྲི་མཚེའུ་རྒྱུན་མཐུད་བཅོས་སྐྱོང་བྱས་ནས་གྲོང་ཁྱེར་དུ་རང་བྱུང་གི་མཛེས་ལྗོངས་བསྐྲུན་ཡོད། མི་འབོར་ཁྲི་800ལྷག་ཙམ་ཡོད་པའི་གྲོང་ཁྱེར་ཞིག་གིས་སྐྱེ་ཁམས་བཟང་པོ་འདི་འདྲ་རྒྱུན་འཁྱོངས་ཐུབ་པ་ནི་ལས་སླ་པོ་ཞིག་མ་རེད”ཅེས་ཏི་ཚེན་པ་ཧེ་གྲོང་ཁྱེར་གྱི་ཧྲི་ཀྲང་ཏི་ཐེ·ལང་ཀེ་ཡིས་ན་ནིང་ཁུན་མིང་ལ་འཚམས་འདྲིར་ཡོང་བའི་མྱོང་ཚོར་བཤད། ཁུན་མིང་གྲོང་ཁྱེར་གྱི་ཧྲི་ཀྲང་གཞོན་པ་ལེང་ཁུན་གྱིས་ཐཱན་ཉུང་ཁྱབ་ཁོངས་ཁྲོད་ཀྲུང་འཇར་གྲོང་ཁྱེར་དབར་གྱི་མཉམ་ལས་དེ་ལག་རྩལ་དང་ཁྲོམ་རའི་གསབ་རེས་རང་བཞིན་ལ་གཞི་ཚུགས་པ་ཞིག་ཡིན་ལ་གོ་ལ་ཧྲིལ་པོའི་གནམ་གཤིས་བཅོས་སྐྱོང་གི་དགོས་མཁོ་དངོས་དང་ཡང་མཐུན་ཡོད་ཅེས་བརྗོད། ཁོང་གིས“གླིང་ཆེན་བརྒལ་བའི‘ལྗང་མདོག་མཉམ་ལས’དེ་རིགས་ནི་རྒྱལ་ཁབ་གཉིས་པོའི་གྲོང་ཁྱེར་འཕེལ་རྒྱས་ཀྱི་ཉམས་མྱོང་ཕན་ཚུན་སློབ་སྦྱོང་དང་མཉམ་འདྲེས་བྱས་པ་ཞིག་ཡིན་པ་མ་ཟད། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པའི་འདུ་ཤེས་ཀྱི་གསོན་ཉམས་ལྡན་པའི་མཚོན་ཚུལ་ཞིག་ཀྱང་ཡིན་པས། དེས་གོ་ལ་ཧྲིལ་པོའི་གྲོང་ཁྱེར་གྱི་ཐཱན་ཉུང་ཕྱོགས་སྒྱུར་ལ་དཔེ་སྟོན་གྱི་རིན་ཐང་ལྡན་པའི‘ཀྲུང་འཇར་དཔེ་དབྱིབས’གཏོད་རྒྱུ་རེད”ཅེས་བརྗོད།
གཉིས་ཁེ་གཉིས་ཕན་གྱི“མཛའ་གྲོགས་ཟམ་ཆེན”རྒྱ་སྐྱེད་བཏང་བ།
དབུ་ཚོགས་རིང་འཚོགས་པའི་ཀྲུང་འཇར་གྱི་ས་གནས་མཉམ་ལས་ཀྱི་སྣེ་ལེན་ཚོགས་འདུའི་ཐོག་ཆིང་ཏའོ་ཧེའར་ཚོགས་པའི་ནུས་རྒྱུ་གྲོན་ཆུང་གི་འཁྱགས་སྒམ་དང་གོས་འཁྲུད་འཕྲུལ་འཁོར། ཀོང་ཀྲོའུ་བཟོ་ལས་མ་འཇོག་མ་རྐང་ཚོད་འཛིན་ཚོགས་པའི་རིག་ནུས་སྔོག་འདོན་འཕྲུལ་འཁོར་གྱི་དཔེ་དབྱིབས། ཁུན་མིང་སྨན་རྫས་ཚོགས་པའི་སན་ཆི་རྟགས་ཅན་གྱི་མུ་འབྲེལ་ཐོན་རྫས། ཅིན་ཧྭ་ནས་ཐོན་པའི་གློག་སྒུལ་རྐང་འཁོར་སོགས་ཀྲུང་གོའི་ཐོན་རྫས་ཀྱིས་འཇར་མན་གྱི་སྐུ་མགྲོན་མང་པོ་ཞིག་གི་ཡིད་དབང་བཀུག་ཡོད།
“ཀྲུང་གོ་ནི་འཇར་མན་གྱི་ཚོང་དོན་རོགས་ཟླ་གལ་ཆེན་ཞིག་དང་། གསོན་ཤུགས་དང་གསར་གཏོད་ལས་གཏོད་སྙིང་སྟོབས་ཀྱིས་ཁེངས་པའི་ཁྲོམ་ར་ཞིག་ཡིན་པས། འཇར་མན་གྱི་ཁེ་ལས་འབྲིང་ཆུང་གི་ངོས་ནས་བརྗོད་ན་གལ་འགངས་ཆེན་པོ་ཡོད། ཀྲུང་གོས་ཀྱང་འཇར་མན་ལ་མ་འཇོག་དང་ལག་རྩལ་གྱི་རྒྱབ་སྐྱོར་བྱས་ཏེ་འཇར་མན་གྱི་དཔལ་འབྱོར་འཕར་བ་དང་སྣ་མང་ཅན་གྱི་འཕེལ་རྒྱས་ལ་རོགས་རམ་བྱེད་ཀྱི་ཡོད། གཉིས་ཁེ་གཉིས་ཕན་གྱི་འབྲེལ་བ་དེ་རིགས་ཀྱིས་རྒྱལ་ཁབ་གཉིས་པོར་ལས་ཞུགས་ཀྱི་གོ་སྐབས་བསྐྲུན་ནས་གསར་གཏོད་དང་དར་རྒྱས་ཡོང་བར་སྐུལ་འདེད་བཏང་ཡོད། མཛའ་གྲོགས་གྲོང་ཁྱེར་གྱི་མཉམ་ལས་དེ་རྒྱལ་ཁབ་གཉིས་པོའི་མཉམ་ལས་དམ་ཟབ་ཀྱི་འབྲེལ་བའི་དཔང་རྟགས་ཤིག་ཏུ་གྱུར་ཡོད”ཅེས་འཇར་མན་གྱི་ཁེ་ལས་འབྲིང་ཆུང་མཉམ་འབྲེལ་ལྷན་ཚོགས་ཀྱི་ལག་བསྟར་ཏུང་ཧྲི་ཨན་ཏེ་ལེ་ཡ་སི·ཡེ་ཨེན་གྱིས་བརྗོད།
ཧའེ་ཁོའུ་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ལིའུ་ཁྲུན་མེ་ཡིས་ཧའེ་ཁོའུ་གྲོང་ཁྱེར་དང་འཇར་མན་གྱི་ལུའོ་སི་ཐོ་ཁེ་གྲོང་ཁྱེར་དབར་མཛའ་གྲོགས་གྲོང་ཁྱེར་གྱི་འབྲེལ་བ་བཙུགས་ཡོད། 2023ལོར་འཇར་མན་གྱི་པི་ལེ་ཧྥེར་ཏེ་ཉེར་སྤྱོད་ཚན་རིག་སློབ་ཆེན་ཧའེ་ཁོའུ་ཉེ་འགྲམ་ས་ཁུལ་དུ་བཙུགས་པ་དང་། 2024ལོར་ཀྲུང་གོ་དང་འཇར་མན་གྱི་U16གཞོན་ནུ་ལོ་ཆུང་གི་རྐང་རྩེད་སྤོ་ལོའི་གདན་ཞུས་འགྲན་བསྡུར་སྐབས་བདུན་པ་ཧའེ་ཁོའུ་རུ་གཉེར་བ། མི་རིང་བའི་གོང་འཇར་མན་གྱི་སི་ཐའེ་ཨེན་པའེ་སི་སློབ་ཆེན་གྱིས་ཕྱོགས་བཞིའི་མཉམ་ལས་གྲོས་མཐུན་ལ་མིང་རྟགས་བཀོད་ནས་ཧའེ་ཁོའུ་རུ་འཛུགས་རྒྱུ་དང་འབྲེལ་རང་ཚུགས་སློབ་གཉེར་བྱ་རྒྱུའི་གཏན་འཁེལ་བྱས་ནས་ཀྲུང་འཇར་གྱི་སློབ་གསོའི་མཉམ་ལས་ཀྱི་ལེའུ་གསར་པ་ཞིག་འགོ་བརྩམས་པ་རེད།