ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་མྱུལ་ཞིབ་ཐིང་དངོས་སུ་སྒོ་བྱང་བཀལ་ནས་བཙུགས་པ།
ཉེ་ཆར། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་ཞིབ་འཇུག་བྱས་པ་དང་འབྲེལ་ཀྲུང་དབྱང་ལས་ཁུངས་སྒྲིག་གཞི་ཨུ་ལྷན་གཞུང་དོན་ཁང་ལ་མཆན་འགོད་བཀའ་ལན་ཞུས་ནས་ཆོག་མཆན་ཐོབ་པ་བརྒྱུད། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་ཉེས་དོན་ལག་བསྟར་ཞིབ་དཔྱོད་ཐིང་དུ“ཞིབ་དཔྱོད་མྱུལ་ཞིབ་ཐིང”གི་སྒོ་བྱང་བཀལ་ཏེ། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་མྱུལ་ཞིབ་ཐིང་དངོས་སུ་བཙུགས་པ་རེད།
ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་ཞིབ་དཔྱོད་མྱུལ་ཞིབ་ཐིང་དངོས་སུ་སྒོ་བྱང་བཀལ་ནས་བཙུགས་པ་དེ་ཐོག་ནས་ཞིབ་དཔྱོད་མྱུལ་ཞིབ་ཆེད་ལས་ཅན་གྱི་འཕེལ་རྒྱས་སྐས་རིམ་གསར་པར་སླེབས་པ་མཚོན་ཞིང་། དེས་ཞིབ་དཔྱོད་ལས་ཁུངས་ཀྱིས་ཞིབ་དཔྱོད་མྱུལ་ཞིབ་ལམ་སྲོལ་དང་སྒྲིག་གཞི་དང་ཆེད་ལས་ཅན་འཛུགས་སྐྱོང་ལ་སྤྱི་འདོམས་དང་ཤུགས་སྣོན་དེ་བས་ཡག་པོ་རྒྱག་པ་དང་། ཁྲིམས་འཛིན་རུལ་སུངས་ལ་ཆད་པ་ནན་པོ་གཅོད་པ་དང་ཁྲིམས་འཛིན་དྲང་གཞག་སྲུང་སྐྱོང་ལ་རམ་འདེགས་དེ་བས་ཡག་པོ་བྱེད་པར་ཕན་ཐོགས་ཡོད། མིག་སྔའི་བར། ཞིང་ཆེན་རིམ་པའི་ཞིབ་དཔྱོད་ཁང་28དང་ས་ཁུལ་དང་གྲོང་ཁྱེར་རིམ་པའི་ཞིབ་དཔྱོད་ཁང་ཁག་གཅིག་གིས་ཆེད་དོན་ཞིབ་དཔྱོད་མྱུལ་ཞིབ་སྒྲིག་གཞི་བཙུགས་ཡོད་པ་རེད།