ཐོན་ལས་སྦྲང་ཆར་གྱིས་དམངས་ཀྱི་ཞིང་ས་བརླན།
—— སྨན་གླིང་གྲོང་ཁྱེར་གྱི་གླ་བ་གསོ་ཚགས་དཔེ་སྟོན་རྟེན་གཞིར་བསྐྱོད་པ།
ཉེ་བའི་ལོ་ཤས་རིང་། སྨན་གླིང་གྲོང་ཁྱེར་གྱིས་ཆབ་ནག་གྲོང་རྡལ་བྲག་དཀར་རོང་གི་སྐྱེ་ཁམས་ཁོར་ཡུག་བཟང་པོར་གཞི་ཚུགས་ཏེ། གླ་བའི་དམིགས་བསལ་རིགས་ཀྱི་སྐྱེ་ཁམས་གསོ་ཚགས་གཞི་ཁྱོན་ཅན་དང་ཚད་ལྡན་ཅན་གྱི་འཕེལ་རྒྱས་གཏོང་སྟངས་འཚོལ་ཞིབ་ཧུར་ཐག་བྱས་ནས་གསོ་ཚགས་ཀྱི་ཕྱུག་འགྱུར་ལམ་བུར་བསྐྱོད་པ་རེད།
སྨན་གླིང་གྲོང་ཁྱེར་གྱི་གླ་བ་གསོ་ཚགས་དཔེ་སྟོན་རྟེན་གཞིར་སྐྱོད་སྐབས། གཙང་ཞིང་གྲལ་སྟར་འགྲིག་པའི་གླ་ཚང་རྒྱབ་རིར་བསྙེས་ནས་ཡོད་པ་དང་། རྒྱང་རིང་གི་གངས་རིའི་གཟི་མདངས་འོག གླ་བའི་སྤུ་མདོག་ལས་འོད་འཚེར་བཞིན་ཡོད་པར་མི་ཚོར་དོ་སྣང་ཆེན་པོ་བྱུང་ཡོད། སྨན་གླིང་གྲོང་ཁྱེར་གྱི་གླ་བ་གསོ་ཚགས་དཔེ་སྟོན་རྟེན་གཞིའི་འགན་འཁུར་བ་ཧའོ་ཀྲའོ་ཤིན་གྱིས། “རྟེན་གཞིར་ད་ཡོད་གླ་བ་མགོ་གྲངས་177ཡོད་པར། ད་ལོའི་ཟླ་གསུམ་པར་གླ་བ་26ནས་གླ་རྩི་ཐེངས་དང་པོ་བླངས་པར་བསྡོམས་གླ་རྩི་ཁེ་390ཟིན་ཡོད”ཅེས་ངོ་སྤྲོད་བྱས།
བྲག་དཀར་རོང་གི་ས་བབ་སྨི་3000ཙམ་ཟིན་པ་དང་མཁའ་རླུང་གཙང་ཞིང་ཁོར་ཡུག་དབེན་ཞིང་འཇམ་པས། གླ་བ་གསོ་ཚགས་བྱེད་པར་འཚམ་པོ་ཡོད། རྟེན་གཞི་དེར་ཁྱོན་མ་དངུལ་སྒོར་ཁྲི་3600ལྷག་ཙམ་བཏང་བ་དང་ས་ཁྱོན་མུའུ་30ཙམ་ཟིན་ཡོད་ཅིང་། རི་སྐྱེས་གླ་བ་མྱུར་སྐྱོབ་དང་། རྒྱུད་སྲུང་། གསོ་ཚགས། ཚན་རྩལ་དཔེ་སྟོན་བཅས་གཞི་གཅིག་ཏུ་འདུས་པ་དང་2023ལོའི་ཟླ་2པར་སྐྲུན་འགོ་ཚུགས་ནས་ལོ་དེའི་ཟླ་10པའི་ཟླ་མཇུག་ཏུ་དངོས་སུ་གཉེར་སྐྱོང་བྱེད་འགོ་ཚུགས་ཡོད།
གསོ་སྤེལ་བྱེད་རིང་རྟེན་གཞིས་ཐོག་མཐའ་བར་གསུམ་དུ་ཚན་རིག་དང་མཐུན་པའི་དོ་དམ་དང་ལག་རྩལ་གསར་གཏོད་གཉིས་ཀར་མཐོང་ཆེན་མཐའ་འཁྱོངས་བྱས་ཤིང་། སྔོན་ཐོན་གྱི་གློག་མིག་མ་ལག་ནང་འདྲེན་བྱས་པས། གླ་བའི་སྐྱེ་འཚར་གནས་ཚུལ་ལ་དུས་ཐོག་ཏུ་ལྟ་ཞིབ་ཚད་ལེན་ཐུབ་པ་དང་། དུས་བཀག་ལྟར་ཆེད་ལས་ཕྱུགས་རིགས་སྨན་པ་གདན་འདྲེན་ཞུས་ནས་བདེ་ཐང་བརྟག་དཔྱད་བྱས་ཏེ་གླ་བའི་བདེ་ཐང་འཚར་ལོངས་ལ་གཡས་གཞོགས་གཡོན་འདེགས་བྱས་པ། གླ་བའི་སྐྱེ་འཚར་གྱི་དུས་མཚམས་མི་འདྲ་བར་གཞིགས་ཏེ་གཟན་ཆག་སྦྱོར་རྟའི་སྤུས་ཚད་ལེགས་སུ་བཏང་ནས་འཚོ་བཅུད་ཚད་ལྡན་སྦྱིན་ཏེ་སྐྱེ་འཕེལ་བྱེད་ཚད་དང་གླ་རྩི་ཐོན་ཚད་ནུས་ལྡན་ངང་མཐོ་རུ་བཏང་བ་རེད།
ཧའོ་ཀྲའོ་ཤིན་གྱིས“དེང་དུས་ནི་གླ་ཕྲུག་བཙའ་དུས་ཡིན་པས། སྔོན་དཔག་བྱས་ན། ད་ལོའི་དབྱར་ཁར་རྟེན་གཞིར་གླ་ཕྲུག་25ཡན་མང་དུ་འགྲོ་རྒྱུ་རེད། 2026ལོར་སླེབས་སྐབས་ཐོན་རྫས་རིན་ཐང་སྒོར་ཁྲི་800ཟིན་རེ་ཡོད་པ་དང་། གླ་རྩི་དང་གླ་ཕྲུག་བཙོངས་ན་ཡོང་འབབ་ཁེར་གཙང་སྒོར་ཁྲི་400ལྷག་ཙམ་ཡོང་རེ་ཡོད”ཅེས་ཡིད་ཆེས་ཆེན་པོས་བརྗོད། གླ་བ་གསོ་ཚགས་ཐོན་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་པ་དང་བསྟུན་ནས་བྲག་དཀར་རོང་ནི་གླ་བའི་ཁྱིམ་གཞིས་ཡག་པོ་ཞིག་ཏུ་གྱུར་པ་མ་ཟད། ས་གནས་དེ་གའི་མང་ཚོགས་ལ་ཕྱུག་འགྱུར་གྱི་ཐབས་ལམ་གསར་པ་ཞིག་ཏུ་གྱུར་ཏེ། ཁྱིམ་ཚང་ཚང་མར་ཁྱད་ལྡན་གསོ་ཚགས་་ལས་རིགས་ལས་ཁེ་སྤོགས་རག་ཡོད།