ཅང་སུའུ་ཡིས་ལྷ་སར་ཁ་གཏད་རོགས་སྐྱོར་བྱས་ཏེ།
བརྩེ་བ་ལྷད་མེད་དང་གྲུབ་འབྲས་དངོས་ལ་བརྟེན་ནས་འཕེལ་རྒྱས་ཀྱི་ལེའུ་བརྩམས་པ།
འདི་ནི་ལྷ་ས་ཅང་སུའུ་ཚོད་ལྟའི་སློབ་འབྲིང་ཡིན་པ།
འདི་ནི་2025ལོའི“ཅང་སུའུ་ཡི་སེམས་པ། ལྷ་སའི་བརྩེ་བ”ཞེས་པའི་ཅང་སུའུ་དང་ལྷ་སའི་གཟའ་འཁོར་སྐབས་བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་པར་གུས་བཀུར་ཞུ་བའི་ཆེད་དོན་འཁྲབ་སྟོན་བྱ་ཡུལ་ཡིན་པ།
འདི་ནི་ཅང་སུའུ་བོད་སྐྱོར་སྨན་བཅོས་རུ་ཁག་གིས་མལ་གྲོ་གུང་དཀར་རྫོང་བུ་བཅོལ་ཁང་གི་བྱིས་པ་ཚོའི་གཟུགས་པོར་བརྟག་དཔྱད་བྱེད་བཞིན་པ།
ཅང་སུའུ་ཡི་བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་པ་ཁག་བཅུ་པས།
ཐོག་མའི་བསམ་འདུན་དང་འགན་འཁྲི་ལག་ལེན་བསྟར་ནས་བརྟན་བགྲོད་རྒྱང་འཁྱོལ་ལ་སྐུལ་འདེད་བཏང་བ།
ལོ་གསུམ་རིང་། ཅང་སུའུ་ཞིང་ཆེན་གྱི་བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་པ་ཁག་བཅུ་པས་ས་བབ་སྨི་3650ཐོག་བྱ་སྤྱོད་དངོས་ལ་བརྟེན་ནས་དམངས་ཕན་གྱི་འཆར་གཞི་གསར་པ་ལེགས་སྒྲུབ་བྱས་པ་སྟེ། བོད་སྐྱོར་གྱི་ཚོང་འགུགས་རྣམ་གྲངས་ཁག་312ལྷ་སར་དོན་འཁྱོལ་བྱས་པ་དང་ཞིང་འབྲོག་པ་3000ཙམ་ཐོན་ལས་བཟོ་པར་སྒྱུར་པ་དང་། “སེམས་སྦྲེལ་ཟམ་པ”50ལྷག་ཙམ་བསྐྲུན་པ། རི་ཁུག་གྲོང་ཚོར་སྤྱི་ལེ་32.3ཟིན་པའི“བདེ་སྐྱིད་ལམ”བསྐྲུན་ནས། ཅང་སུའུ་རུ་ལྷ་ས་གྲོང་ཁྱེར་གྱི་ལྗོངས་ཕྱིའི“ཚོགས་སྒྲིག་རྣམ་པའི”ལས་ཞུགས་རྟེན་གཞི་14བསྐྲུན་ནས་ལས་ཞུགས་བོད་སྐྱོར་གྱི་ལས་མི་བསྡུ་བའི་ཆེད་དོན་འདུ་ཚོགས་འཚོགས་པ། ལས་ཞུགས་བོད་སྐྱོར་གྱི་རྒྱུགས་ལེན་རྟེན་གཞི་བསྐྲུན་པ་བཅས་གྲངས་གཞི་མང་པོ་ལས་དུས་རབས་གསར་པའི་ཁ་གཏད་བོད་སྐྱོར་གྱི་དྲོ་སྐྱིད་ལྡན་པའི་གྲུབ་འབྲས་མཚོན་ཡོད།
ཐོན་ལས་སྦྲང་ཆར་བབས།
ས་མཐོར་གསོན་ཤུཌ་སྦྱིན།
མལ་གྲོ་གུང་དཀར་རྫོང་གི་པད་ཁའི་སྣུམ་ཐོན་སྐྱེད་རྟེན་གཞིར་སེར་ཆིལ་ཆིལ་གྱི་པད་སྣུམ་རང་འགུལ་ཅན་གྱི་ཐོན་སྐྱེད་ལས་སྟེགས་ཐོག་དལ་བུར་བཞུར་བཞིན་མཆིས། མལ་གྲོ་གུང་དཀར་རྫོང་གི་པད་ཁ་འདེབས་འཛུགས་ལ་ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་ཞིང་། “སྔོན་མ་པད་ཁའི་ཐོན་འབབ་དམའ་བ་དང་བྲིན་ཁ་རྒྱུག་པོ་མེད་ལ། འདེབས་ཁྱོན་ཡང་ཆེན་པོ་མེད” མལ་གྲོ་གུང་དཀར་རྫོང་གི་སྣུམ་བཙག་འཁོར་ཁང་གི་འགན་འཁུར་བ་བསོད་ནམས་རྒྱ་མཚོས། བོད་སྐྱོར་ལས་དོན་ཚོགས་ཆུང་གིས་ལག་རྩལ་གྱི་དཀའ་གནད་ཐག་གཅོད་བྱས་ནས་ཁྱད་ལྡན་འདེབས་འཛུགས་དང་། ཐོན་སྐྱེད་ལས་སྣོན། ཁྲོམ་རའི་ཚོང་གཉེར་སོགས་ནས་དམ་འཛིན་བྱས་ཏེ་ཐུམ་སྒྲིལ་ཇུས་འགོད་རིམ་སྤོར་བྱས་པ་མ་ཟད། པད་ཁའི་རིག་གནས་ཡུལ་སྐོར་དུས་ཆེན་གཉེར་བ་དང་ཆབས་ཅིག་ནན་ཅིང་དང་ལྷ་སར་འགྲེམས་ཚོང་ས་ཚིགས་བཙུགས་ནས“བོད་ལྗོངས་མལ་གྲོའི་པད་ཆུང་སྣུམ”ཞེས་པའི་ཁྱད་ལྡན་སྤུས་རྟགས་བཏོད་པར་བརྟེན་འདེབས་འཛུགས་དུད་ཚང་འབབ་འཕར་ཕྱུག་འགྱུར་ཡོང་བར་སྣེ་ཁྲིད་ཐུབ་ཡོད་ཅེས་བཤད།
ཐོན་ལས་ལ་བརྟེན་ནས་དཔལ་འབྱོར་གྱི་འཆར་གཞི་སླར་ཡང་བཀོད་ཅིང་། ལྷུན་གྲུབ་རྫོང་སྐལ་བཟང་ཐང་དེང་རབས་ཞིང་འབྲོག་ཐོན་ལས་གླིང་གི་ལྟ་སྐུལ་ཚོད་འཛིན་ཁང་དུ་བཀྲ་ཤིས་དོན་གྲུབ་ཀྱིས་མི་མེད་གནམ་གྲུ་བཏང་ནས་འབྲོག་རར་སྐོར་ཞིབ་བྱེད་བཞིན་འདུག ཁོང་གིས“སྔོན་མ་འབྲི་གཡག་གི་མཇུག་ཏུ་དབུགས་ཧལ་ཧལ་རྒྱུག་དགོས་པ་དང་ད་ཆ་མི་མེད་གནམ་གྲུ་ནས་གནས་ཚུལ་ཚང་མ་གསལ་པོ་ཤེས་ཐུབ”ཅེས་བཤད། འབྲོག་པ་ཆིག་སྟོང་ལྷག་ཙམ་དེ་གར་ཐོན་ལས་བཟོ་པར་བསྒྱུར་བ་དང་། རིག་ལྡན་འབྲོག་རའི་གློག་རྡུལ་ར་སྐོར་ཕྱིར་སྲོལ་རྒྱུན་གྱི་འབྲོག་པའི་སྦྲ་གུར་དང་དེང་རབས་ཀྱི་བཟོ་ཁང་དབར་ཞི་མཐུན་གྱི་རྣམ་པས་ཕྱུག་ཡོད། གཞི་ཁྱོན་སྒོར་དུང་ཕྱུར་15ཟིན་པའི་ཐོན་ལས་གྲོང་དར་གྱི་ཐེབས་རྩ་དེས“1+N”ཐེབས་རྩའི་རྣམ་པ་བརྒྱུད་གྲངས་འཛིན་དཔལ་འབྱོར་དང་ལྗང་མདོག་བཟོ་ལས་སོགས་ཁྱབ་ཁོངས་སུ་རེ་བ་གསར་པ་སྦྱིན་བཞིན་ཡོད། སྟག་རྩེ་བཟོ་ལས་གླིང་དུ་ས་མཐོའི་ཉི་འོད་འོག་འོད་ཤུགས་ཤེལ་ལེབ་ལས་དེ་བས་བཀྲག་མདངས་འཚེར་ཅིང་། ཅང་སུའུ་ཡིས་རོགས་སྐྱོར་བྱས་ནས་བསྐྲུན་པའི་ནུས་རྒྱུ་གསར་པའི་རྣམ་གྲངས་ཀྱིས་ལོ་ལྟར་ཐཱན་འབུད་ཚད་ཏུན་ཁྲི་1.2ཉུང་དུ་བཏང་ཡོད། ལྷ་ས་དཔལ་འབྱོར་གསར་སྤེལ་ཁུལ་དུ་གྲང་ཕྲེང་ཟོག་འགྲེམས་བརྒྱུད་སྐྱེ་དངོས་སྨན་རྫས་ཁེ་ལས་ཀྱིས་ཞིབ་འཇུག་གསར་སྤེལ་བྱས་པའི་བོད་སྨན་གྱི་དེང་རབས་སྨན་རྫས་རྒྱལ་ཡོངས་ཀྱི་ཀ་པ་གསུམ་པའི་སྨན་ཁང་དུ་སྐྱེལ་བཞིན་ཡོད།
དམངས་འཚོའི་འདུ་འགོད་བཟང་།
དམངས་ལ་དྲོ་སྐྱིད་སྦྱིན།
སྟག་རྩེ་ཆུས་པད་ནག་གྲོང་རྡལ་གྱི་ཁྱིམ་མཚེས་ལྟེ་གནས་སུ་འབྲོག་པ་དོན་གྲུབ་ཀྱི་ལག་ཐོགས་ཁ་པར་གློ་བུར་དུ་གྲགས། “སྨན་བཅོས་འགན་བཅོལ་གྱི་རྩིས་ཞུའི་དངུལ་སླེབས་འདུག”ཅེས་ཁོང་གིས་འཕྲིན་ཐུང་མི་ཚོགས་ལ་སྟོན་བཞིན་དགའ་སྤྲོའི་ངང་བཤད། ད་གིན་ཁོང་གིས་སྐར་ཁུང་ནས་ཡུལ་གཞན་གྱི་སྨན་བཅོས་རྩིས་ཞུ་བྱས་པའི་དངུལ་ལམ་སེང་འབྱོར་ཡོད། ཅང་སུའུ་ཡིས་སྐྲུན་རོགས་བྱས་པའི་སྨན་བཅོས་འགན་བཅོལ་ཐད་ཀར་རྩིས་ཞུའི་མ་ལག་སྤྱད་ཚུན། རིམ་རྩིས་བརྒྱབ་ན་མང་ཚོགས་ལ་སྔ་རྟིང་གཏོང་བའི་དངུལ་སྒོར་དུང་ཕྱུར་1.78ཉུང་དུ་ཕྱིན་ཡོད། ལྟེ་གནས་ཀྱི“གཅིག་འཐུས་རྣམ་པའི”ཞབས་ཞུའི་སྐར་ཁུང་གི་མདུན་དུ་རྒན་རྒོན་ཚོས་རྒན་གསོའི་འགྲོ་ལུགས་གཉེར་བ་དང་ན་གཞོན་ཁྱོ་ཤུག་གིས་ཕྲུ་གུ་དམར་འབྱར་གྱི་ཐེམ་ཐོ་ཐོ་འགོད་བྱེད་བཞིན་ཡོད། གློག་རྡུལ་སྲིད་དོན་མ་ལག་གིས་དམངས་ཕན་ཞབས་ཞུ་ཁག་42རིག་ནུས་མཐའ་སྣེར་བཅུག་ཡོད།
ལྷུན་གྲུབ་རྫོང་མི་དམངས་སྨན་ཁང་གི་སྙིང་དང་ཁྲག་རྩའི་ཚན་ཁག་གི་ནད་ཁང་དུ་ལོ་9ལ་སླེབས་པའི་ཚེ་རིང་གཡང་འཛོམས་ཀྱིས་ཨ་ལས་པད་གོག་གི་སྐྲ་སླ་བཞིན་ཡོད། བུ་མོ་དེར་ཅང་སུའུ་སྨན་བཅོས་རུ་ཁག་གིས་སྨན་རིན་མི་དགོས་པར་ལྷན་སྐྱེས་སྙིང་ནད་གཤགས་བཅོས་མ་བྱས་གོང་གོམ་པ་འགའ་སོང་ཚེ་དབུགས་ཧལ་བས་གང་དུ་སོང་ཡང་པཱ་ལགས་ཀྱིས་སྒལ་པར་ཁུར་དགོས་ཀྱི་ཡོད། “ད་ལྟ་ངས་དབུགས་ཐེངས་གཅིག་ལ་ཐོག་སོ་གསུམ་པར་འཛེག་ཐུབ་ཀྱི་ཡོད”ཅེས་བུ་མོས་དགའ་སྤྲོའི་ངང་བཤད། ནད་ཁང་གི་བར་ཁྱམས་སུ་བཀལ་བའི་སྙིང་ནད་སྨན་བཅོས་ཀྱི་ཐོ་འགོད་འགྲེམས་པང་ཐོག་ལོ་གསུམ་རིང་གྲལ་བཤེར་བྱས་པའི་བྱིས་པ་ཆིག་སྟོང་ལྷག་ཙམ་གྱི་མིང་བཀོད་ཡོད་པ་དང་ཕྲུ་གུ་བདུན་ཅུ་ལྷག་ཙམ་ལ་ཚེ་སྲོག་གསར་པ་སྦྱིན་ཡོད།
རིག་གནས་སྦྲེལ་ཐག་དམ།
བརྩེ་སེམས་སྔར་བས་ཟབ།
མི་རིགས་ཀྱི་གླུ་གར《ལྷ་སའི་བརྩེ་བ》ནན་ཅིང་དང་། ཀྲེན་ཅང་། ཐའེ་ཀྲོའུ། སུའུ་ཀྲོའུ་བཅས་གྲོང་ཁྱེར་བཞི་རུ་སྐོར་སྐྱོད་འཁྲབ་སྟོན་བྱས་ཤིང་། ལྷ་སའི་སྒྱུ་རྩལ་པ་50ལྷག་ཙམ་གྱིས་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་འཁྲབ་སྟོན་གྱི་སྟོན་མོ་བཤམས་ནས་སུའུ་ཀྲོའུ་དང་ལྷ་ས་ས་ཁུལ་གཉིས་ཀྱི་རིག་གནས་སྤེལ་རེས་མཉམ་འདྲེས་ཀྱི་ལེའུ་གསར་པ་བརྩམས་ཤིང་། ལྷ་སའི་རྒྱན་གོས་གྱོན་པའི་མལ་གྲོ་གོང་དཀར་རྫོང་གི་ཕྲུ་གུ་ཚོས་མངོན་མིན་རིག་གནས་ཤུལ་བཞག་གི་ཞབས་བྲོ་འཁྲབ་པ་རེད།
བློ་རིག་སྒྲོན་མེ་གསལ།
འབྱུང་འགྱུར་འོད་ཀྱིས་ཁེངས།
ལྷ་ས་ཅང་སུའུ་ཚོད་ལྟའི་སློབ་འབྲིང་དུ་དེང་རབས་ཅན་གྱི་སློབ་ཁྲིད་སྒྲིག་ཆས་ཆ་ཚང་པོ་ཡོད། རྒྱ་ཆེ་ཞིང་དཀར་ཆ་དོད་པའི་སློབ་ཁང་དུ་སྔོན་ཐོན་གྱི་བརྒྱུད་ལམ་སྣེ་མང་གི་སློབ་ཁྲིད་སྒྲིག་ཆས་བསྒར་ཡོད། ལོ་མང་རིང་། ཅང་སུའུ་ཞིང་ཆེན་གྱིས་སློབ་གསོ་དོ་དམ་ཐད་ཀྱི་ཕུལ་བྱུང་ཤེས་ལྡན་པ་དང་རྐང་འཛིན་དགེ་རྒན་མུ་མཐུད་འདེམས་མངགས་བྱས་ཤིང་། ཁོང་ཚོས་ས་གནས་དེ་གའི་སློབ་གསོའི་ལས་དོན་པ་དང་མཉམ་དུ་སློབ་གྲྭའི་སློབ་གསོ་སློབ་ཁྲིད་ཀྱི་སྤུས་ཚད་མཐོ་རུ་གཏོང་བར་འབད་བརྩོན་བྱས་པ་རེད། “ཚོགས་སྒྲིག་རྣམ་པའི”སློབ་གསོའི་བོད་སྐྱོར་ལ་གཡུར་ཟའི་གྲུབ་འབྲས་ཐོབ་ནས་སྔོན་ཐོན་གྱི་སློབ་ཁྲིད་འདུ་ཤེས་དང་བྱ་ཐབས་ཤེས་པ་མ་ཟད། བོད་ཀྱི་སློབ་གསོའི་བྱ་གཞག་ལ་གསོན་ཤུགས་དང་རེ་བ་གསར་པ་ཡང་སྦྱིན་ཡོད། 2024ལོའི་མཐོ་རྒྱུགས་སྐབས། སློབ་གྲྭ་དེའི་སློབ་མ་དངོས་གཞིའི་ཚན་ཁག་ཏུ་རྒྱུགས་འཕྲོད་ཚད་94.69%ཟིན་པ་དང་། བོད་ཡིག་འཛིན་གྲྭའི་རང་བྱུང་ཚན་རིག་གི་ཆ་སྙོམས་སྐར་གྲངས་གྲོང་ཁྱེར་ཡོངས་ཀྱི་ཨང་དང་པོར་བསླེབས་ནས། སློབ་མ་71.79%གཙོ་གནད་སློབ་ཆེན་དུ་རྒྱུགས་འཕྲོད་པ་རེད།
ཆུ་ཤུར་རྫོང་ཚལ་སྣེ་ཤང་གི་དེང་རབས་ཞིང་ལས་རྟེན་གཞིར་ལག་རྩལ་པ་བློ་བཟང་གིས་བལྟས་ནས་རྙིང་རལ་དུ་གྱུར་པའི《ས་མཐོའི་འདེབས་འཛུགས་ལག་དེབ》ཅིག་བཟུང་སྟེ། “ཅང་སུའུ་ཡི་རིགས་གཅིག་མཁས་ཅན་གྱིས་རྩོམ་སྒྲིག་བྱས་པའི་འདེབས་འཛུགས་མན་ངག་ཕྱོགས་བསྒྲིགས་འདིས་ང་ཚོའི་ལོ་མང་རིང་གི་ལག་རྩལ་ཐད་ཀྱི་དཀའ་གནད་ཐག་གཅོད་བྱས་བྱུང”ཞེས་བཤད། ལོ་གསུམ་ནང་ཅང་སུའུ་ཡི་རིགས་གཅིག་མཁས་ཅན་མི་ཐེངས་1600ལྷག་ཙམ་བོད་དུ་ཡོང་ནས་ལག་རྩལ་བསླབ་སྟེ་ལྷ་སར“ནམ་ཡང་གནས་པའི”རང་ཡུལ་གྱི་ཤེས་ལྡན་པ་4000ལྷག་ཙམ་གསོ་སྐྱོང་བྱས་ཡོད་པ་རེད།
ཅང་སུའུ་ཞིང་ཆེན་གྱི་བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་པ་ཁག་བཅུ་པས“ལོ་ལྔ་ཚན་བཅུ་བཞི་པའི”བོད་སྐྱོར་འཆར་འགོད་ལས་འགན་བདེ་བླག་ངང་མཇུག་བསྡུ་རྒྱུར་ནུས་ཤུགས་ཡོད་རྒུས་འགན་ལེན་དང་། ལས་བྱེད་པ་དང་ཤེས་ལྡན་པ་ཁག་གསར་པ་བརྗེ་རེས་ཀྱི་ལས་དོན་བརྟན་ལ་བརྒྱུད་རིམ་ལྡན་པའི་ངང་སྤེལ་བ་མ་ཟད། ཅང་སུའུ་ཡི“ལོ་ལྔ་ཚན་བཅོ་ལྔ་པའི”བོད་སྐྱོར་འཆར་འགོད་གསར་པ་སྤུས་ཚད་མཐོ་པོས་འཆར་འགོད་ཀྱང་བྱས་ཡོད། “ལྷག་བསམ་དག་ལ་མཐུན་སྒྲིལ་ཆེ་བ་དང་། སྙིང་རུས་ཆེ་ལ་ལེགས་སྐྱེས་འབུལ་བ། སྤྱོད་པ་གཙང་ལ་བྱས་རྗེས་འཇོག་པ”བཅས་བསམ་པའི་མཚོན་རྟགས་སུ་བྱས་པའི་དཔུང་ཁག་འདིས། མུ་མཐུད་བརྩེ་བ་ལྷད་མེད་དང་གྲུབ་འབྲས་དངོས་ལ་བརྟེན་ནས་སྐལ་བཟང་མེ་ཏོག་དང་མོ་ལི་མེ་ཏོག་གཉིས་ཀ་ས་མཐོ་དང་འབྲི་ཆུའི་ལྷོ་རྒྱུད་ཀྱི་ཞིང་ས་གཤིན་པོར་ལྷུག་པོར་བཞད་པར་བྱས་ཏེ། དུས་རབས་གསར་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བརྗིད་ཆེའི་མཛེས་རིས་མཉམ་དུ་འབྲི་ཐུབ་ངེས་རེད།