པེ་ཅིང་གིས་ལྷ་སར་ཁ་གཏད་རོགས་སྐྱོར་བྱས་ཏེ།
བརྩེ་བ་ལྷད་མེད་དང་གྲུབ་འབྲས་དངོས་ལ་བརྟེན་ནས་འཕེལ་རྒྱས་ཀྱི་ལེའུ་བརྩམས་པ།
2022ལོའི་ཟླ་8ཚེས་6ཉིན་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་གིས“ཀྲུང་གོའི་རྨས་སྐྱོན་སྐྱོབ་བཅོས་མནའ་འབྲེལ་རྨས་སྐྱོན་སྐྱོབ་བཅོས་ལྟེ་གནས་འཛུགས་སྐྲུན་ཚན་པའི”སྒོ་བྱང་བདེ་བླག་ངང་བཀལ་བ་ལས་ལྗོངས་ཡོངས་ཀྱི“ལྟེ་གནས་ཆེན་པོ་ལྔ”འཛུགས་སྐྲུན་ལས་འགན་ལེགས་འགྲུབ་བྱུང་བའི་སྨན་ཁང་དང་པོར་གྱུར་ནས་ལྗོངས་ཡོངས་སུ“ཐོག་མའི་གསར་གཏོད་གཉིས”མངོན་འགྱུར་བྱུང་ཡོད།
འདི་ནི་2024ལོའི་ཟླ་12ཚེས་18ཉིན་པེ་ཅིང་བོད་སྐྱོར་སྤྱི་ཤག་དང་དེ་བཞིན་ལྷན་སྦྱར་ཞབས་ཞུའི་འགན་སྲུང་ཐོག་ཁང་རྣམ་གྲངས་ལ་ཞིབ་བཤེར་རྩིས་ལེན་བྱུང་བ།
འདི་ནི་2024ལོའི་ཟླ་7ཚེས་9ཉིན་པེ་ཅིང་སྒྱུ་རྩལ་ལྟེ་གནས་ཀྱི་ཟློས་གར་ཁང་དུ་“མེས་རྒྱལ་ལ་བཀྲ་ཤིས་བདེ་ལེགས་ཞུ”ཞེས་པའི་པེ་ཅིང་གིས་བོད་ལ་རོགས་སྐྱོར་བྱས་ནས་ལོ་ངོ་30འཁོར་བའི་རིག་རྩལ་སྐོང་འཁྲབ་བྱས་པ།
རྩོམ་སྒྲིག་པའི་སྦྲགས་མཆན།
ཁ་གཏད་བོད་སྐྱོར་ལས་དོན་སྤེལ་ཚུན། བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་པ་ཁག་ཐེངས་མང་པོས་ཏང་ཀྲུང་དབྱང་གི་འབོད་སྐུལ་དང་ལེན་ཞུས་ཏེ། བོད་དུ་ཡོང་ནས་འགན་འཁུར་ལེགས་སྐྱེས་དང་རྒྱུན་མཐུད་འབད་བརྩོན་གྱིས་བྱ་སྤྱོད་དངོས་ལ་བརྟེན་ནས་ལས་འགན་དང་གཟི་བརྗིད་གསལ་འགྲེལ་བྱས་ཡོད། བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་པ་ཁག་བཅུ་པ་བོད་དུ་ཡོང་ནས་ལོ་གསུམ་སོང་རིང་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་ནན་ཏན་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་ཁག་ལག་བསྟར་དོན་འཁྱོལ་བྱས་ཏེ་རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་དང་། གསར་འབྱེད་གསར་གཏོད། རང་འགན་གཙང་སྒྲུབ་བཅས་བྱས་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱ་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད།
ལོ་གསུམ་རིང་གི་བོད་སྐྱོར་ལས་དོན་ལ་ཐོབ་པའི་གྲུབ་འབྲས་མངོན་གསལ་དོད་པོ་དང་རོགས་སྐྱོར་བྱ་ཡུལ་སྒྱུར་བཅོས་འཕེལ་རྒྱས་བཏང་བའི་གསོན་ཉམས་དོད་པའི་ལག་ལེན་སྔར་ལས་ལེགས་པར་མངོན་པ་དང་། རྒྱ་ཆེའི་བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་པ་དང་ས་གནས་དེ་གའི་ལས་བྱེད་པ་དང་མང་ཚོགས་ཀྱིས་ལག་གདང་སྦྲེལ་ནས་སེམས་མཐུན་དང་མཐུན་སྒྲིལ་འབད་འཐབ་བྱེད་རིང་གི་མཛའ་བརྩེ་ཟབ་མོ་དང་བླ་ན་མེད་པའི་སྙིང་སྟོབས་མངོན་ཆེད། འདི་ག་ཚགས་པར་གྱིས་དེ་རིང་ནས་བཟུང“བོད་སྐྱོར་རྒྱུན་མཐུད་བྱེད། ལེའུ་གསར་མཉམ་དུ་རྩོམ”ཞེས་པའི་རིམ་སྤེལ་གསར་འགྱུར་འགོད་རྒྱུ་ཡིན་པས་དོ་ཁུར་ཡོད་པར་ཞུ།
པེ་ཅིང་གི་བོད་སྐྱོར་ཤེས་ལྡན་ལས་བྱེད་པ་ཁག་བཅུ་པས།
དཔེར་འོས་ཚད་གཞི་མཐའ་འཁྱོངས་བྱས་ནས་ལས་དོན་དོན་འཁྱོལ་ལ་སྐུལ་འདེད་ཤུགས་ཆེན་བཏང་བ།
2022ལོའི་ཟླ་7པར་བོད་དུ་སླེབས་ཚུན། པེ་ཅིང་གི་བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་པ་ཁག་བཅུ་པས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། དཔེར་འོས་ཚད་གཞིར་བརྟེན་ནས་བོད་སྐྱོར་ལས་དོན་ལ་སྐུལ་འདེད་བཏང་སྟེ། རྨང་གཞིའི་སྒྲིག་བཀོད་འཐུས་ཚང་དང་། རིག་སྟོབས་རོགས་སྐྱོར། ཐོན་ལས་འཕེལ་རྒྱས། དམངས་འཚོ་འགན་ལེན་དང་ལེགས་བཅོས། མི་རིགས་ཁག་གི་འགྲོ་འོང་དང་སྤེལ་རེས་མཉམ་འདྲེས་ལ་སྐུལ་འདེད། རིག་གནས་སློབ་གསོའི་རོགས་སྐྱོར་བཅས་ཁྱབ་ཁོངས་ཆེན་པོ་དྲུག་ལ་དམིགས་ནས་རིམ་རྩིས་བརྒྱབ་ན་བོད་སྐྱོར་མ་དངུལ་སྒོར་དུང་ཕྱུར་11.61མཐུན་སྦྱོར་དོན་འཁྱོལ་བྱེད་པ་དང་། བོད་སྐྱོར་རྣམ་གྲངས་སྣ་ཚོགས་ཁག་73ལག་ལེན་བསྟར་བ། པེ་ཅིང་གིས་ལྷ་སར་རོགས་སྐྱོར་བྱེད་པའི་ཁྱབ་ཁོངས་ཁག་གི་ལས་ཀའི་སྤུས་འབྲས་ལེགས་གཉེར་ལ་སྐུལ་འདེད་ཏན་ཏིག་གཏོང་བ་བཅས་བྱས་ནས་དུས་རབས་གསར་པའི་ས་ཁོངས་མཉམ་ལས་ཀྱི་དཔེ་མཚོན་བཏོད་ཡོད།
དམངས་འཚོའི་རྨང་གཞི་བརྟན་དུ་བཏང་།
“བདེ་སྐྱིད་མེ་ཏོག”ས་མཐོར་བཞད།
ལོ་12ལ་སླེབས་པའི་བདེ་སྐྱིད་ཀྱིས་དཔེ་ཁུག་གསར་པ་ཁུར་ཏེ་ཐུང་ཀྲོའུ་དང་ཁྲེང་ཀོན་གྱི་སེམས་འབྲེལ་ཟམ་པར་བསྐྱོད། པེ་ཅིང་གིས་རོགས་སྐྲུན་བྱས་པའི་མི་འགྲུལ་སྤྲིན་ཟམ་ཡོད་པས་ཁོ་མོ་རླངས་འཁོར་གྱི་འཚང་ཁའི་ཁྲོད་སློབ་གྲྭར་སྐྱོད་མི་དགོས་ཤིང་། ཁོ་མོས“སྔོན་ཆད་ཨ་མས་ང་སློབ་གྲྭའི་སྒོ་འགྲམ་དུ་སྐྱེལ་གྱི་ཡོད། ད་ཆ་ཨ་མས་ང་སྐྱེལ་དགོས་མེད་སྟབས་བློ་བདེ་པོས་མར་འཚོང་དུ་འགྲོ་ཆོག”ཅེས་བརྗོད།
པེ་ཅིང་གི་བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་པ་ཁག་བཅུ་པས་དགོས་མཁོ་ཕྱོགས་སྟོན་དུ་འཛིན་པའི་བོད་སྐྱོར་འདུ་ཤེས་བརྟན་པོ་བཙུགས་ཏེ། གནད་སྨིན་བོད་སྐྱོར་ལ་དམ་འཛིན་དང་། གསར་འབྱེད་གསར་གཏོད་ཀྱིས་སྤུས་རྟགས་བཏོད་ནས། ལྷ་སའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དགོས་གལ་ཆེ་བའི་ཁྱབ་ཁོངས་སུ་པེ་ཅིང་གི་སྟོབས་ཤུགས་རྒྱུན་མཐུད་ལེགས་སྐྱེས་འབུལ་བཞིན་ཡོད།
སློབ་གསོའི་ཁྱབ་ཁོངས་སུ“མཉམ་འདྲེས་རྣམ་པའི་ཚོགས་པ་ཅན”གྱི་སློབ་སྐོར་འཚོལ་ཞིབ་ལག་ལེན་ཧུར་ཐག་བསྟར་བ་དང་། སློབ་གསོའི་བོད་སྐྱོར་གྱི“དགེ་རྒན་གཉིས་ཀྱི་སློབ་ཁང”འཚོལ་ཞིབ་བྱས་ནས་འཚོགས་ཏེ་བོད་ཀྱི་སློབ་མར་སློབ་གསོའི་ཐོན་ཁུངས་སྤུས་ལེགས་དེ་བས་མང་བ་དང་ཡག་པ་ལོངས་སུ་སྤྱོད་ཐུབ་པར་བྱས་ཡོད། སློབ་གསོའི་གནད་སྨིན་དབུལ་སྐྱོར་གྱི་སྤུས་རྟགས་བཏོད་དེ“ཅིང་བོད་ཕུགས་འདུན་ཆེན་པོའི་འཛིན་གྲྭ”སོགས་ཡག་པོ་གཉེར་བས་སློབ་མ་300ལྷག་ཙམ་ལ་རིག་སྟོབས་དབུལ་སྐྱོར་གྱི་ཕན་པ་ཐོབ་ཡོད། སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་བསམ་བློ་ཆབ་སྲིད་སློབ་གསོ་གཞི་གཅིག་ཅན་འཛུགས་སྐྱོང་གི་གཅིག་མཐུན་ཚོགས་པ་སྔོན་ལ་བཙུགས་ནས་དྲ་ཐོག་གི“ཚན་རིག་སྒར་ས”སོགས་ཀྱི་བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་བ་དང་། བྱེད་སྒོ་སྣ་ཚོགས་ལ་ཞུགས་པའི་དགེ་སློབ་མི་ཐེངས་3300ལྷག་ཙམ་ཟིན་ཡོད།
སྨན་བཅོས་ཁྱབ་ཁོངས་སུ“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་རྒྱུན་མཐུད་གཏིང་ཟབ་ཏུ་བཏང་སྟེ་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང“ཀ་པ་རིམ་པ་གསུམ་པར་འཛུགས་གཏོད”བྱེད་པ་ནས“ཀ་པ་རིམ་པ་གསུམ་པ་སྟོབས་ཆེན”ཕྱོགས་སུ་བསྒྱུར་བར་རམ་འདེགས་བྱས་ཡོད། ལོ་གསུམ་རིང་བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་པས་ཡུལ་དེ་གའི་ལས་བྱེད་པའི་སྣེ་ཁྲིད་དེ་ལག་རྩལ་གསར་པ་དང་རྣམ་གྲངས་གསར་པ་400ལྷག་ཙམ་ལག་བསྟར་བྱས་ཡོད།
“པེ་ཅིང་གི་སྨན་བཅོས་བོད་སྐྱོར་གྱི་དམིགས་ཡུལ་ནི་སྨན་བཅོས་ལག་རྩལ་གྱི་ཆུ་ཚད་མཐོ་རུ་གཏོང་བ་དང་། ཤེས་ལྡན་པ་གསོ་སྐྱོང་དང་གཙོ་གནད་ཆེད་ལས་ཚན་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བརྒྱུད་སྨན་བཅོས་བོད་སྐྱོར‘གཞན་བརྟེན’རྣམ་པ་ཁོ་ན་ནས‘རང་བརྟེན’དང‘ཤུགས་འཕེལ’རྣམ་པར་བསྒྱུར་བར་སྐུལ་འདེད་གཏོང་རྒྱུ་དེ་རེད། 2024ལོར། བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་པའི་རོགས་རམ་དང་མཛུབ་ཁྲིད་འོག་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་གིས་འཇུ་བྱེད་ཚན་ཁག་གི་འབུམ་རམས་པ་ཞིག་གསོ་སྐྱོང་བྱས་པ་ལས་རོགས་སྐྱོར་དང་ལེན་བྱ་ཡུལ་དུ་རིམ་པ་མཐོ་བའི་ཤེས་ལྡན་པ་མེད་པའི་སྟོང་ཆ་བསྐངས་ནས་ལྷ་ས་གྲོང་ཁྱེར་ལ་ནམ་ཡང་གནས་པའི་སྨན་བཅོས་དཔུང་ཁག་ཅིག་འཛུགས་སྐྱོང་བྱས་ཡོད”ཅེས་ལྷ་ས་གྲོང་ཁྱེར་བདེ་ཐང་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་དང་པེ་ཅིང་གི་བོད་སྐྱོར་སྨན་བཅོས་ཚོགས་པ་ཁག་བཅུ་པའི་རུ་སྣེ་འཁྲིད་མཁན་ཀྲང་ཞའོ་ཀོང་གིས་བརྗོད།
ཐོན་ལས་འཕེལ་བར་མཐུན་རྐྱེན་སྦྱར།
ཁྱད་ལྡན་དཔལ་འབྱོར་རེ་བས་ཁེངས།
པེ་ཅིང་གི་བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་པ་ཁག་བཅུ་པས་ཐོག་མཐའ་བར་གསུམ་དུ“པེ་ཅིང་ལ་བལྟ་བར་སྔོན་ལ་ཆབ་སྲིད་ཐད་བལྟ་དགོས་པའི”བླང་བྱ་གཞིར་བཟུང་། དཔེར་འོས་ཚད་གཞི་མཐའ་འཁྱོངས་དང་། རྣམ་གྲངས་དམ་འཛིན་གྱིས་འཕེལ་རྒྱས་ལ་སྐུལ་འདེད། གཙོ་རྒྱུ་ཀུན་འདུས་ལ་བརྟེན་ནས་དོན་འཁྱོལ་འགན་ལེན་བཅས་བྱས་ཏེ་དམངས་འཚོ་ལེགས་བཅོས་དང་། ཐོན་ལས་རིམ་སྤོར། གཞི་རིམ་བཅོས་སྐྱོང་སོགས་ཁྱབ་ཁོངས་སུ་བོད་སྐྱོར་རྣམ་གྲངས་ཕྱོགས་ཡོངས་ནས་ལག་བསྟར་ཐུབ་པར་སྐུལ་འདེད་བཏང་ཡོད།
ཟླ་5པར། སྙེ་མོ་རྫོང་ཐོན་མི་དེང་རབས་ཞིང་ལས་ཐོན་ལས་གླིང་དུ་པེ་ཅིང་གི་བོད་སྐྱོར་ལས་བྱེད་པ་ཁག་བཅུ་པ་དང་སྙེ་མོ་རྫོང་ཞིང་ལས་གྲོང་གསེབ་དང་ཚན་རྩལ་ཆུ་བེད་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཉིའུ་ཡའོ་ཆི་ཡིས་ཐག་རིང་པེ་ཅིང་དུ་ཡོད་པའི་རིགས་གཅིག་མཁས་ཅན་དང་འབྲི་ཏ་ས་འཛིན་གྱི་མྱུ་གུར་ཆུ་གཏོང་བའི་སྐོར་འབྲེལ་གཏུག་སྤེལ་རེས་བྱས་ཤིང་། ཁོང་གི་རྒྱབ་ཀྱི་འབྲི་ཏ་ས་འཛིན་འགྱིག་ཤོག་དྲོད་ཁང་ཆེན་པོར་2025ལོའི་ཟླ་5པའི་ཟླ་མཇུག་བར་ཐོན་འབབ་རྒྱ་མ་ཁྲི་1.66བྱུང་ནས་ཕྱིར་འཚོང་དངུལ་འབོར་སྒོར་ཁྲི་29.7བྱུང་བས་ཡུལ་དེ་གའི་མང་ཚོགས་ལ་ཡོང་འབབ་ལྡབ་འཕར་བྱུང་ཡོད།
གྲངས་གཞི་ལས་མངོན་པར། 2024ལོ་འཁོར་མོར་སྙེ་མོ་རྫོང་གི་སེའུ་འགྱིག་ཤོག་དྲོད་ཁང་ཆེན་པོ་ལས་བསྡོམས་སེའུ་རྒྱ་མ་5250བྱུང་ནས་ཕྱིར་འཚོང་ཡོང་འབབ་སྒོར་ཁྲི་40ཟིན་པ་དེ་2022ལོའི་ཐོག་མའི་ཐོན་འབབ་རྒྱ་མ་1500ལས་ལྡབ་གསུམ་འཕར་ནས་ས་མཐོའི་ཁྱད་ཆོས་ལྡན་པའི་སེའུ་ཐོན་ལས་ཀྱི་དཔེ་སྟོན་དཔེ་མཚོན་བཏོད་ཡོད།
འདི་ནི་པེ་ཅིང་གི་ཐོན་ལས་བོད་སྐྱོར་གྱི་བསྡུས་རིས་ཤིག་ཡིན་ཞིང་། “ལོ་ལྔ་ཚན་བཅུ་བཞི་པའི”རིང་པེ་ཅིང་གི་བོད་སྐྱོར་མ་དངུལ་བསྡོམས་འབོར་གྱི་གཞི་ཁྱོན་སྒོར་དུང་ཕྱུར་14.2ཟིན་པ་དང་། རྣམ་གྲངས་78ཡོད་པ། དམངས་འཚོའི་རྣམ་གྲངས་63བཀོད་སྒྲིག་བཅས་བྱས་པ་དེས་མ་དངུལ་བསྡོམས་འབོར་གྱི་91.68%བཟུང་བ་དང་། གཞི་རིམ་གྱི་རྣམ་གྲངས་47བཀོད་སྒྲིག་བྱས་པ་དེས་མ་དངུལ་བསྡོམས་འབོར་གྱི་82.56%བཟུང་ཡོད།
རིག་གནས་བདུད་རྩིས་ཡིད་སེམས་གསོས།
ཡུལ་སྐོར་སྤུས་རྟགས་གཏོད་ལ་འབད།
2024ལོའི་ཟླ་10པར། པེ་ཅིང་བོད་སྐྱོར་བཀོད་འདོམས་པུའི་རྒྱབ་སྐྱོར་ཤུགས་ཆེན་འོག འདམ་གཞུང་རྫོང་གི་འབྲོག་པའི་རིག་གནས་ཀྱི་གསར་རྩོམ་གླུ་གར《གནམ་མཚོ·དུས་བཞིའི་འབྲོག་གླུ》ཞེས་པ་ཧུའུ་ཧོ་ཧའོ་ཐེ་དང་པེ་ཅིང་སོགས་སུ་འཁྲབ་སྟོན་བྱས་ནས་སྒྱུ་རྩལ་འབྲེལ་ཟམ་དུ་བྱས་ཏེ་འདམ་གཞུང་གི་གཏམ་རྒྱུད་བརྗོད་པ་དང་། 2024ལོའི་དབྱར་གསེང་སྐབས། པེ་ཅིང་གིས་བོད་སྐྱོར་བྱས་ནས་ལོ་ངོ་30འཁོར་བ་དང་2024ལོའི་པེ་ཅིང་དང་ལྷ་ས“གཅིག་སེམས་གཅིག་འབྲེལ”གྱི་སྒྱུ་རྩལ་གཟའ་འཁོར་གྱི་རིག་རྩལ་སྐོང་འཁྲབ་བྱེད་སྒོ་པེ་ཅིང་སྒྱུ་རྩལ་ལྟེ་གནས་སུ་འཚོགས་པ། 2025ལོའི་ཟླ་4པར་གསར་དུ་བརྩམས་པའི་གཏམ་བརྗོད་ཟློས་གར《མཛེས་པའི་ལྷ་ས་སྐྱིད་ཆུ》པེ་ཅིང་དུ་འཁྲབ་སྟོན་བྱས་ཡོད།
པེ་ཅིང་གི་བོད་སྐྱོར་ལས་བྱེད་པ་ཁག་བཅུ་པ་འདམ་གཞུང་རྫོང་གི་རྫོང་དཔོན་གཞོན་པ་ཏའེ་རན་གྱིས། “ཉེ་བའི་ལོ་ཤས་རིང་། པེ་ཅིང་གྲོང་ཁྱེར་གྱིས་པེ་ཅིང་དུ་འདམ་གཞུང་རྫོང་གིས་འོས་སྦྱོར་བྱེད་སྒོ་སྤེལ་བར་ལས་སྟེགས་ཧུར་ཐག་བསྐྲུན་ནས། པེ་ཅིང་མི་དམངས་ཀྱིས་འདམ་གཞུང་རྫོང་གི་མི་ཆོས་རིག་གནས་དང་། ལོ་རྒྱུས། རང་བྱུང་ཐོན་ཁུངས་སོགས་ཀྱི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་ཤེས་རྟོགས་ཐུབ་པར་བྱས་ཏེ་ཡུལ་སྐོར་གྱི་སྐད་གྲགས་ཆོད་ཚད་ཆེ་རུ་ཕྱིན་པ་མ་ཟད། འདམ་གཞུང་གི་རིག་གནས་ཡུལ་སྐོར་ལས་བྱེད་པའི་བྱང་ཚད་མཐོ་རུ་དང་མཐོང་རྒྱ་མངོན་གསལ་དོད་པོས་ཡངས་སུ་ཕྱིན་ཡོད”ཅེས་བཤད།
སྐབས་བརྗེའི་སྐབས་སུ་པེ་ཅིང་བོད་སྐྱོར་བཀོད་འདོམས་པུའི་ཏང་ཨུད་ཀྱི་ཧྲུའུ་ཅི་དང་བཀོད་འདོམས་པ་དང་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རྒྱུན་ལས་ཧྲི་ཀྲང་གཞོན་པ་ཝང་མིང་ཀྲེ་ཡིས་རང་ཉིད་ཀྱི་ཕ་ཡུལ་གཉིས་པའི་སྐོར་གླེང་སྐབས་བརྩེ་བ་ཟབ་མོའི་སྒོ་ནས“ལོ་གསུམ་གྱི་བོད་སྐྱོར་དུས་ཚོད་ནང་བོད་ལ་སེམས་རྦད་དེ་ཆགས་སོང་། ལོ་གསུམ་རིང་། ང་ཚོས་བོད་ལྗོངས་འཛུགས་སྐྲུན་དང་འཕེལ་རྒྱས་ལ་ཞུགས་ནས་ལྷ་ས་ཉིན་རེ་ལས་མ་འདས་པར་འགྱུར་ལྡོག་ཕྱིན་པར་བདེན་དཔང་བྱ་རྒྱུ་བྱུང་བས་ཧ་ཅང་དགའ་པོ་བྱུང་། པེ་ཅིང་གི་བོད་སྐྱོར་ལས་དོན་པ་ཁག་རྗེས་མས“དཔེར་འོས་ཚད་གཞི”རྒྱུན་འཁྱོངས་དང་རྒྱུན་མཐུད་འབད་འཐབ་བྱས་ནས་ལྷ་ས་གྲོང་ཁྱེར་གྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་དུ་པེ་ཅིང་གི་སྟོབས་ཤུགས་ལེགས་སྐྱེས་འབུལ་རྒྱུའི་རེ་བ་ཡོད”ཅེས་བཤད།