གླུ་ཞིག་བླངས་ནས་ཏང་ལ་འབུལ།
ཟླ་6ཚེས་25ཉིན། ལྷོ་ཁ་གྲོང་ཁྱེར་རིག་གནས་སྒྱུ་རྩལ་ལྟེ་གནས་སུ་ཏང་གི་འཁྲུངས་སྐར་ལ་རྟེན་འབྲེལ་གཟབ་རྒྱས་ཞུ་བ་དང་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་ཕྱག་རྟགས་འབུལ་བའི་རིག་རྩལ་གསོལ་སྟོན་གཟབ་རྒྱས“གླུ་ཞིག་བླངས་ནས་ཏང་ལ་འབུལ། རང་སྐྱོང་ལྗོངས་ཀྱི‘རྟེན་འབྲེལ་ཆེ་མོ་བསུ། ཏང་གི་དྲིན་ལ་བསྟོད། མཉམ་དུ་འབད་འབུངས་བྱེད”ཅེས་པའི་2025ལོའི‘བདུན་གཅིག’གླུ་གཞས་འགྲན་བསྡུར”གྱི་མཐའ་བསྡུར་གཟབ་རྒྱས་ངང་འགོ་ཚུགས་པ་རེད།
ད་ཐེངས་ཀྱི་བྱེད་སྒོ་རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ་དང་། ལྷོ་ཁ་གྲོང་ཨུད། ལྷོ་ཁ་གྲོང་ཁྱེར་མི་དམངས་སྲིད་གཞུང་། བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་བཅས་ཀྱིས་མཉམ་དུ་གཙོ་གཉེར་བྱས་པ་རེད།
མཐའ་བསྡུར་བྱ་ཡུལ་དུ་ལྗོངས་ཡོངས་ནས་འབུར་དུ་ཐོན་པའི་ཕུལ་བྱུང་འཐུས་མི་རུ་ཁག་15ཡིས་འགྲན་བསྡུར་འཁྲུག་པོ་བྱས་ཤིང་། སྐད་གསང་མཐོན་པོའི་གླུ་སྒྲར་བརྟེན་ནས་ཏང་དང་མེས་རྒྱལ་ལ་འཆང་བའི་བརྩེ་བ་ཟབ་མོ་མཚོན་པར་བྱས་པ་དང་ས་མཐོའི་བུ་ཕྲུག་ཚོས་ཏང་གི་འགོ་ཁྲིད་འོག མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་དང་བསྐྱར་དར་རླབས་པོ་ཆེའི་ཕུགས་འདུན་ཐུན་མོང་ཐོག་མངོན་འགྱུར་བྱེད་པའི་གདེང་ཚོད་བརྟན་པོ་དང་སྤོབས་སེམས་ལ་བསྔགས་བརྗོད་བྱས་པ་རེད།
འགྲན་བསྡུར་ཁྲོད་འཐུས་མིའི་རུ་ཁག་ཁག་གིས་གླུ་དབྱངས་ལ་བརྟེན་ནས་ལོ་ངོ་60རིང་གི་བོད་ཀྱི་འཕོ་འགྱུར་ཆེན་པོ་དང་འཛམ་གླིང་ཡོངས་ཀྱིས་དོ་སྣང་བྱེད་པའི་འཕེལ་རྒྱས་ཀྱི་གྲུབ་འབྲས་བརྩེ་བ་ཟབ་མོས་མཚོན་པར་བྱས་ཤིང་། སྤྲོ་སེམས་འཁོལ་བའི་གླུ་དབྱངས་རེ་རེ་ལས་བཀའ་དྲིན་དྲན་པ་དང་འབད་འབུངས་བྱེད་པའི་སྤྲོ་སེམས་རབ་ཏུ་འཕེལ་བཞིན་མཆིས།
ཆེད་ལས་དཔྱད་ཞིབ་ཨུ་ལྷན་ཚོགས་པས་ཕྱོགས་མང་པོ་ནས་ཤན་འབྱེད་ནན་པོ་བྱས་མཐར། མངའ་རིས་ས་ཁུལ་གྱི་འཐུས་མིའི་རུ་ཁག་ལ་བྱ་དགའ་རིམ་པ་དང་པོ་ཐོབ་པ་དང་། ལྷོ་ཁ་གྲོང་ཁྱེར་གྱི་འཐུས་མིའི་རུ་ཁག་དང་གཞིས་རྩེ་གྲོང་ཁྱེར་གྱི་འཐུས་མི་རུ་ཁག་ལ་བྱ་དགའ་རིམ་པ་གཉིས་པ་ཐོབ་པ། ལྷོ་ཁ་གྲོང་ཁྱེར་གྱི་གཞི་རིམ་མང་ཚོགས་ཀྱི་འཐུས་མིའི་རུ་ཁག་དང་། ཉིང་ཁྲི་གྲོང་ཁྱེར་གྱི་འཐུས་མིའི་རུ་ཁག ནག་ཆུ་གྲོང་ཁྱེར་གྱི་འཐུས་མིའི་རུ་ཁག་བཅས་ལ་བྱ་དགའ་རིམ་པ་གསུམ་པ་ཐོབ་པ་དང་དུས་མཚུངས་ཕུལ་བྱུང་སྒྲིག་འཛུགས་བྱ་དགའ་9ཡང་དཔྱད་འདེམས་བྱས་པ་རེད།
“ད་རེས་ཀྱི་འགྲན་བསྡུར་ནང་། གླུ་དབྱངས་ལ་བརྟེན་ནས་དྲང་ནུས་བརྒྱུད་སྤྲོད་བྱས་པ་ནི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་གཏིང་ཟབ་ཅིག་ཡིན་པ་དེས་འབད་འབུངས་ཀྱི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ཡོད། ང་ཚོས་ད་ཐེངས་ཀྱི་བྱེད་སྒོ་གོ་སྐབས་སུ་བརྩིས་ནས། མེས་རྒྱལ་ལ་འཆང་བའི་དགའ་ཞེན་དེ་བྱ་སྤྱོད་དངོས་སུ་བསྒྱུར་ཏེ། རང་སོའི་ལས་གནས་ཐོག་རང་རེའི་རླབས་ཆེན་མེས་རྒྱལ་དེ་བས་དར་རྒྱས་གོང་འཕེལ་ཡོང་བར་རང་ཉིད་ཀྱི་སྟོབས་ཤུགས་ལེཌ་སྐྱེས་འབུལ་གྱི་ཡིན”ཞེས་མངའ་རིས་ས་ཁུལ་གྱི་འཐུས་མིའི་རུ་ཁག་གི་འགྲན་ཞུགས་ཁོངས་མི་ཚོས་གཅིག་རྗེས་གཉིས་མཐུད་ངང་བརྗོད་པ་རེད།