འཚོ་བའི་ཉེར་མཁོ་ནས་རིག་གནས་ཀྱི་མཚོན་རྟགས་བར་གྱི་འགྱུར་ལྡོག
—— བྱང་རྩྭ་ཐང་གི་ལྕི་བའི་སྤྱོད་སྒོའི་སྐོར་གྱི་ཟིན་ཐོ།
“དམངས་གཙོའི་བཅོས་བསྒྱུར་མ་བྱས་གོང་། ལྕི་བ་ནི་གཞིས་ཀའི་མངའ་བདག་སྒེར་ལ་དབང་བའི་རྒྱུ་ནོར་ཡིན་ཞིང་། མི་ཡོད་ཚད་ཀྱིས་རང་དགར་བསྒྲུགས་ཏེ་བེད་སྤྱོད་བྱེད་མི་ཆོག་པས། ང་ཚོར་ལྕི་བ་ཧྲག་ཧྲུག་བསྒྲུག་རྒྱུ་ལས་མེད། དགུན་ཁ་ཤར་དུས་ང་ཚོས་ད་དུང་དྲོ་ཇུས་ཀྱི་ཆེད་དུ་ར་ལུག་གི་རིལ་མས་མེ་ཁ་གསོ་མྱོང་ཡོད” ལོ་ན་59ཟིན་པའི་བག་གྲོས་ཁོ་རང་གི་ཨ་ཕས་གསུངས་མྱོང་བའི་བཀའ་མོལ་དེ་ཚོ་གསར་འགོད་པར་ཡང་བསྐྱར་བཤད།
“བོད་བྱང་ཐང་གི་སྔ་མོའི་ཤོད་རྒྱུན་ལ། ལྕི་བ་མེད་ལེའི་འབྲོག་པའི་ཐབ་ཀ་དེ། ཨ་སྔོན་ཉི་མ་མེད་ལེའི་དགུང་འདྲ་ལེ”ཞེས་བརྗོད། 1966ལོར། ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་ཀོ་ལུག་གྲོང་རྡལ་དབུན་མ་གྲོང་ཚོར་སྐྱེས་པའི་བག་གྲོས་རྒྱུན་དུ་ཕ་མེས་ཚོས་གླེང་བའི་བོད་རྙིང་པའི་སྡུག་བསྔལ་ཐོས་མྱོང་ཡོད་དེ། “ཕ་མེས་ཚོས་མངའ་བདག་ཆེན་པོ་གསུམ་གྱི་གཉའ་གནོན་འོག་དཀའ་སྡུག་གྲངས་མེད་མྱོང་གིན་གསོན་ཐབས་བྱས་པའི་བརྒྱུད་རིམ་སྣ་ཚོགས་བཤད་པ་ཐོས་མྱོང་མོད། འོན་ཏེ་ཁོང་ཚོར་མཚོན་ན་ལྕི་བ་ནི་ཤེལ་སྒོའི་ནང་གི་མོག་མོག་ལྟར་གྱི་རེ་སྒུག་སྟོང་པ་ཞིག་ཡིན་པ་དེ་ལས། སྐབས་དེའི་མུན་ནག་ཇི་ལྟར་ཡིན་པ་གསལ་གསལ་ཐིང་ཐིང་རེད”ཅེས་བཤད།
བོད་བྱང་ཐང་དུ་ལྕི་བ་ནི་ཐོན་སྐྱེད་ཁྲོད་ཀྱི་ཁྱིམ་ལུད་དང་འཚོ་བའི་ཁྲོད་ཀྱི་བུད་ཤིང་ཡིན་ལ། དམངས་སྲོལ་བྱེད་སྒོའི་ནང་གི་གཡང་རྫས་དང་འབྲོག་པའི་སེམས་ནང་གི་གཅེས་ནོར་ཡིན་པ་མ་ཟད། རྩྭ་ཐང་སྟེང་དུ་གྲལ་ལ་བརྩིགས་པའི་ལྕི་རགས་ནི“འབྲོག་ཁྱིམ་གྱི་མངའ་ཐང”མཚོན་པའི་མཐོ་ལྕོག་ཅིག་ཀྱང་རེད།
“ང་རང་གི་དྲན་ཚོད་ལ། ཁྱིམ་ཚང་ཡོད་ཚད་ལ་འབྲི་གཡག་ཡོད་ཅིང་ངེད་ཁྱིམ་ཚང་ལ་འབྲི་གཡག་20ཟིན་ལ་ཉེ་བས། གཞི་རྩའི་འཚོ་བའི་དགོས་བྱེད་ཕུད་ལྕི་བ་རྣམས་འབྲོག་པ་ཚོས་ལྕི་རགས་བརྒྱབ་སྟེ་རླུང་དམར་འགོག་པ་དང་། དང་དོད་ཚ་བའི་མི་ཚོས་ཁང་ཁྱིམ་མདུན་དུ་མཛེས་རྒྱན་སྤྲོས་བཞིན་ཡོད་པས། ལྕི་བ་ནི་ང་ཚོའི་འཚོ་བའི་ཁྲོད་དུ་སྤྱོད་སྒོ་ཆེན་པོ་ཡོད”ཅེས་བག་གྲོས་བཤད་པ་དང་། ཁོང་གིས། ཆུང་ངུའི་དུས་སུ་སྡོད་མྱོང་བའི་སྦྲ་གུར་དང་། བྱིས་པའི་དུས་ཀྱི་སོ་ཕག་ཁང་པ། ཡང་ན་ད་ལྟ་བསྡད་སའི་དེང་རབས་ཅན་གྱི་སྡོད་ཁང་བཅས་གང་ཞིག་ཡིན་རུང་། ཁྱིམ་ནས་ནམ་ཡང་ལྕི་བ་མེ་ལ་འབུད་པའི་དྲི་མ་འཐུལ་གྱི་ཡོད་ལ། སྒོ་རའི་ཕྱི་རོལ་དུ་ལྕི་བ་དང་འདམ་ས་མཉམ་དུ་བསྲེས་ཏེ་སྤུངས་པའི་ལྕི་རགས་ཡོད། དེས་ན“འབྲོག་ཁུལ་དུ་ལྕི་བ་སྤུང་སར་མི་ཁྱིམ་ཡོད་པ”ཤེས་ཐུབ་ཅེས་བཤད།
ཉི་ནུས་སྒྲིག་ཆས་དང་། གློག་ཤུགས། གཤེར་རླངས་བཅས་ཁྱབ་གདལ་བཏང་བ་དང་བསྟུན་ནས་ལྕི་བ་བུད་ཤིང་བྱེད་ཚད་མངོན་གསལ་དོད་པོས་དམའ་རུ་ཕྱིན་ཡོད།
“ད་ཆ་འཚོ་བའི་ཆ་རྐྱེན་ལེགས་སུ་ཕྱིན་པས། གཤེར་རླངས་ཐབ་ཆས་སྟེང་དུ་འཚོ་བཅུད་ལྡན་ལ་བྲོ་བ་ཞིམ་པའི་ལྟོ་ཆས་དེ་མུར་བཟོ་ཐུབ། དེ་བཞིན་དྲོད་གློག་གློད་མ་ཐག་ཏུ་ལུས་པོ་ཚ་སོབ་སོབ་ཏུ་གྱུར་ཐུབ”ཅེས་བག་གྲོས་འཛུམ་མདངས་འཕྱུར་བཞིན་བཤད།
ད་ཆའི་ལྕི་བ་ནི། སྔར་བས་གཏིང་ཟབ་པའི་རིག་གནས་ཀྱི་རིན་ཐང་མངོན་བྱེད་ལ་གྱུར་ཏེ། བོད་བྱང་ཐང་གི་ས་མཐོའི་ཐུན་མོང་མ་ཡིན་པའི་རིག་གནས་ཀྱི་ཡུལ་ལྗོངས་ཤིག་ཆགས་ཤིང་། འབྲོག་པ་མང་ཚོགས་ཚོའི་ཡར་རྒྱས་ཀྱི་བསམ་པའི་ཉམས་འགྱུར་མངོན་པར་བྱེད།
ཀོ་ལུག་གྲོང་རྡལ་ནི་ནག་ཆུ་གྲོང་ཁྱེར་གྱི“ལྷོ་སྒོ་ཆེན་མོ”ཡིན་ལ། མཚོ་བོད་ལྕགས་ལམ་དང་། མཚོ་བོད་གཞུང་ལམ། ནག་ལྷ་མྱུར་བགྲོད་གཞུང་ལམ་བཅས་ཡུལ་དེ་གར་འཕྲེད་བཅད་བཏང་ཡོད། གྲོང་རྡལ་ཁོངས་གཏོགས་ཀྱི་རྒྱལ་ལམ་109འགྲམ་གྱི་ལམ་རྒྱུད་དུ་འབྲོག་པའི་འཚོ་བ་གསར་པ་མཚོན་པ་དང་། འབྲོག་པ་མང་ཚོགས་ཀྱི་ཕྱག་སོར་ལས་འཁྲུངས་པའི“ལྕི་བའི་སྒྱུ་རྩལ་གྱང”རེ་རེ་བཞིན་མངོན་འོང་སྟེ་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་ཤིག་ལ་གྱུར་ཡོད།
ཉེ་བའི་ལོ་ཤས་རིང་། གསེར་རྙེད་ཆུས་ཀྱིས་སྲོལ་རྒྱུན་འབྲོག་སར་རྒྱུན་མཐོང་ཡིན་པའི་ལྕི་བ་དེ་སྣོད་བཅུད་རིག་གནས་ཀྱི་མཚོན་རྟགས་སུ་བསྒྱུར་ནས། སྲོལ་རྒྱུན་འཚོ་བའི་གཞི་རྒྱུ་ལ་དུས་རབས་ཀྱི་ནང་དོན་གསར་པ་བསྣན་ཞིང་། ཤང་དང་གྲོང་རྡལ་12སྒྲིག་འཛུགས་བྱས་ནས་སྔ་རྗེས་སུ“ལྕི་རགས་མཛེས་ཤོས”ཀྱི་དཔྱད་འདེམས་བྱེད་སྒོ་ཐེངས་60ལྷག་ཙམ་གཉེར་བ་དང་། ཐུན་མོང་མ་ཡིན་པའི་བྱ་ཐབས་སྤྱད་དེ“དགོས་ངེས་མཁོ་ཆས་སྒྱུ་རྩལ་བརྩམས་ཆོས་ལ་བསྒྱུར”བའི་སྣོད་བཅུད་ཀྱི་བློ་གྲོས་མངོན་པར་བྱས་ནས། གྲོང་གསེབ་དར་རྒྱས་ཡོང་བར་རིག་གནས་ཀྱི་སྒུལ་ཤུགས་བསྣན་པས།“ལྷད་མེད་སྣོད་བཅུད”ཀྱི་གསར་གཏོད་དེ་རིགས་ཀྱིས་ཕྱོགས་ཁག་ནས་ཡོང་བའི་ཡུལ་སྐོར་བ་མང་པོ་ཞིག་གི་ཡིད་དབང་བཀུག་ཡོད། བསྡོམས་རྩིས་རགས་ཙམ་བྱས་པར་གཞིགས་ན། 2024ལོར་གསེར་རྙེད་ཆུས་ཀྱི་གྲོང་གསེབ་ཡུལ་སྐོར་གྱི་ཡོང་འབབ་སྒོར་དུང་ཕྱུར་2.1ལས་བརྒལ་བ་དང་། དེའི་ཁྲོད“རྟ་རྒྱུག་དང་རིག་གནས” “ལྕི་བ་དང་རིག་གནས” “འགྲེམས་ཚོང་དང་རིག་གནས”སོགས་ཟུང་དུ་འབྲེལ་བའི་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ཉམས་ལེན་རྣམ་གྲངས་ཀྱི་ལེགས་སྐྱེས་ཕུལ་ཚད་75%ཡན་ཟིན་ཡོད་པ་རེད། “སྣོད་བཅུད་དང་། རིག་གནས། ཡུལ་སྐོར”བཅས་ཟུང་དུ་འབྲེལ་བའི་མཉམ་འདྲེས་འཕེལ་རྒྱས་གཏོང་སྟངས་དེ་རིགས་ལས་ད་ཆ་གསེར་རྙེད་ཆུས་སུ་དཔེ་སྟོན་གྱི་ཕན་འབྲས་ཐོན་བཞིན་ཡོད་པ་རེད།
“སྔོན་ཆད་ང་ཚོས་ལྕི་བ་ལ་བརྟེན་ནས་འཚོ་གནས་བྱས་མོད། ད་ཆ་ང་ཚོས་ལྕི་བ་བརྒྱུད་དེ་རང་ཉིད་ཀྱི་གཏམ་རྒྱུད་གླེང་བཞིན་ཡོད་ལ། ནམ་ཞིག་ལྕི་བ་ཡིས་བྱེད་ཐབས་དེ་རིགས་བརྒྱུད་ནས་ས་མཐོའི་སྣོད་བཅུད་དང་ཤེས་དཔལ་མངོན་ཐུབ་པ་ངའི་བསམ་ཚོད་ལའང་མེད། ད་ཆའི་ལྕི་བ་ནི་དྲོད་ཁོལ་འཕྱུར་བའི་རིག་གནས་ཀྱི་དྲན་ཤེས་ཤིག་རེད”ཅེས་བཤད་པ་དང་སྦྲགས། སྒོ་རའི་མདུན་དུ་སྤུངས་པའི་སྲོལ་རྒྱུན་གྱི་ལྕི་རགས་ལ་ལྟ་བཞིན། ཀོ་ལུག་གྲོང་རྡལ་ས་ཚིགས་གྲོང་ཚོའི་དགུང་གྲངས་83ལ་སླེབས་པའི་བགྲེས་སོང་དཔལ་ལྡན་གྱི་སྤྱན་ཟུར་ལ་ཞི་དུལ་གྱི་འཛུམ་མདངས་ཤིག་མངོན།