དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་གྱིས་དཔེ་མཚོན་གྱོད་དཔེ་གཅིག་སྡུད་ཐོག་བརྡ་ཁྱབ་བཏང་བ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-06-26

    ཉེན་བརྡ་གཏོང་བའི་ནུས་པ་ཐོན་པ་དང་གནད་དོན་བཅོས་སྒྲིག་ལ་སྐུལ་འདེད་ཏན་ཏིག་གཏོང་ཆེད། རེས་སྐོར་གསུམ་པའི་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཁག་བཞི་པས་ཚེས་23ཉིན་དཔེ་མཚོན་གྱོད་དཔེ་ཁག་གསུམ་པ་གཅིག་སྡུད་དང་ཡོངས་བསྒྲགས་ངང་བརྡ་ཁྱབ་བཏང་བ་རེད།

    མིག་སྔར་ལྟ་བཤེར་ཚོགས་ཆུང་8ཀྱིས་ཧྲན་ཤིས་དང་། ནང་སོག ཧྲན་ཏུང་། ཧྲའན་ཤིས། ཉིང་ཞ་བཅས་ཞིང་ཆེན(རང་སྐྱོང་ལྗོངས)5ལ་ལྟ་བཤེར་བྱས་ཏེ་རྨ་ཆུ་རྒྱུག་ཁུལ་དུ་ལྟ་བཤེར་དང་ཞིང་ཆེན་ཁུལ་ཁོངས་སུ་ལྟ་བཤེར་ལས་དོན་སྤེལ་བ་དང་ཆབས་ཅིག་ཀྲུང་གོ་ཧྭ་ནུས་ཚོགས་པ་ཚད་ཡོད་ཀུང་སི་དང་། ཀྲུང་གོ་ཏ་ཐང་ཚོགས་པ་ཚད་ཡོད་ཀུང་སི། རྒྱལ་ཁབ་གློག་ཤུགས་མ་འཇོག་ཚོགས་པ་ཚད་ཡོད་ཀུང་སི་བཅས་ཀྲུང་དབྱང་ཁེ་ལས་3ལ་སྤྱི་འདོམས་ལྟ་བཤེར་བྱས་པ་རེད།

    ལྟ་བཤེར་ཚོགས་ཆུང་ཁག་གིས་རྨ་ཆུ་རྒྱུག་ཁུལ་དུ་ལྟ་བཤེར་དང་ཞིང་ཆེན་ཁུལ་ཁོངས་སུ་ལྟ་བཤེར་ལས་དོན་སྤྱི་འདོམས་ངང་སྤེལ་བར་བརྟེན། རྨ་ཆུ་རྒྱུག་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྲིད་ཇུས་སྦྲེལ་མཐུད་དང་། ཁུལ་ཁོངས་མཐུན་སྦྱོར། ལམ་སྲོལ་འཛུགས་སྐྱོང་སོགས་རྒྱུག་ཁུལ་རང་བཞིན་དང་། སྤྱི་ཡོངས་རང་བཞིན། ཐུན་མོང་རང་བཞིན་བཅས་ཀྱི་གནད་དོན་ལ་དོ་སྣང་བྱུང་བ་མ་ཟད། ཞིང་ཆེན(རང་སྐྱོང་ལྗོངས)ཁག་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་། རང་བྱུང་ཐོན་ཁུངས་ཀྱི་ལེགས་ཆ། སྐྱེ་ཁམས་བདེ་འཇགས་ཀྱི་ངེས་གནས་བཅས་དང་ཟུང་འབྲེལ་བྱས་ཏེ་ཞིང་ཆེན(རང་སྐྱོང་ལྗོངས)ཁག་གི་མངོན་གསལ་དོད་པའི་གནད་དོན་བཙལ་འཚོལ་ཐུབ་པ་དང་འཐབ་ཕྱོགས་དང་པོ་དང་ས་གནས་ས་ཐོག་ཏུ་བསྐྱོད་དེ་སྐྱེ་ཁམས་ཁོར་ཡུག་གི་མངོན་གསལ་དོད་པའི་གནད་དོན་ཁག་གཅིག་དང་། དགོས་པའི་ལས་མི་བྱེད་པར་མི་དགོས་ལས་རྙོག་བཟོ་བ། འགན་འཁྲི་མི་འཁུར་བ་དང་གནད་དོན་ཐག་གཅོད་མི་བྱེད་པ། ཁྲལ་སེལ་སླ་བཅོས་དང་མི་བདེན་རྫུན་བཟོ་སོགས་ཀྱི་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་གནད་དོན་ཁག་གཅིག་ཤེས་རྟོགས་ཐུབ་ཡོད།

    ལྟ་བཤེར་ཚོགས་ཆུང་གིས་ད་དུང་ནང་སོག་རང་སྐྱོང་ལྗོངས་ཝུའུ་ཧའེ་གྲོང་ཁྱེར་གྱི་བཟོ་ལས་གླིང་ཁུལ་དང་གཏེར་ཁུལ་དུ་གནས་ཁུལ་མང་ལ་རྒྱ་ཁྱོན་ཆེ་བ་དང་། ཐོན་ཁུངས་ཅན་དང་གྲུབ་ཆའི་རང་བཞིན་གྱི་སྦགས་བཙོག་གི་གནས་ཚུལ་མངོན་གསལ་དོད་པ། རླུང་ཁམས་ཆེན་པོའི་སྦགས་བཙོག་འགོག་བཅོས་ལས་དོན་སྒྲུབ་ཤུགས་མི་འདང་བར་བརྟེན་གནད་དོན་མང་པོ་ཡོད་པ་བཅས་ཤེས་རྟོགས་ཐུབ་ཡོད། 2021ལོ་ནས་བཟུང་ཝུའུ་ཧའེ་གྲོང་ཁྱེར་གྱིས་སྒྲིག་འགལ་ངང་རྡོ་སོལ་སྲེག་འགྱུར་ཐོན་ནུས་ཏུན་ཁྲི་220ལྷག་ཙམ་གསར་སྣོན་བྱས་ཡོད།

    ཧྲན་ཏུང་ཞིང་ཆེན་ཙི་པོ་དང་ཏེ་ཀྲོའུ་སོགས་གྲོང་ཁྱེར་གྱི་རླུང་ཁམས་ཆེན་པོའི་སྦགས་བཙོག་འགོག་བཅོས་ཀྱི་གཙོ་གནད་ལས་འགན་ཁག་གཅིག་དོན་འཁྱོལ་མ་བྱུང་བ་དང་ཁྲིམས་འགལ་ངང་བཙོག་འབུད་ཕྱིར་གཏོང་གི་གནད་དོན་མངོན་གསལ་དོད་ཙམ་ཡོད་ཅིང་། ཙེ་པོ་གྲོང་ཁྱེར་ཙེ་ཁྲོན་ཆུས་ཀྱི་རྡོ་ཐལ་ཐོན་སྐྱེད་ཁེ་ལས་ཁག་གཅིག་གི་དངོས་རྫས་ཕུང་གསོག་ཐེབས་པ་དང་། སྐྱེལ་འདྲེན་མཐོར་འདེགས། རྒྱུ་ཆ་འདོན་འཇུག འགྲོ་ལམ་སྐྱེལ་འདྲེན་སོགས་ལྷུ་ཚིགས་སུ་ཐལ་རྡུལ་སྦགས་བཙོག་གི་གནད་དོན་ཡོད་པ་དང་ཁེ་ལས་ལ་ལས་ཁྲིམས་འགལ་ངང་བཙོག་འབུད་ཕྱིར་གཏོང་བྱས་པའི་ནང་ཧེང་ལུའུ་ཨར་ལས་རྒྱུ་ཆ་དང་། དབྱིན་ཀྲེང་ནཱ་སྨི་རྒྱུ་ཆ་གསར་པ། གསེར་རྡོའི་གཏེར་ལས་སོགས་ཁེ་ལས་ཀྱི་དུ་རླངས་སྦགས་བཙོག་བཅོས་སྐྱོང་སྒྲིག་བཀོད་འཁོར་རྒྱུག་ཚད་ལྡན་མེད་པ་དང་ཐལ་རྡུལ་འབོར་ཆེན་ཐད་ཀར་ཕྱིར་གློད་ཡོད།

    ཏེ་ཀྲོའུ་གྲོང་ཁྱེར་གྱི་ལུགས་རྒྱག་ཁེ་ལས་ཁག་གཅིག་གི་སྦགས་བཙོག་བཅོས་སྐྱོང་སྒྲིག་བཀོད་རྙིང་ཧྲུལ་དང་ཁོར་ཡུག་དོ་དམ་རྣམ་པ་ཙམ་ཡིན་ཞིང་། ལྟ་བཤེར་བྱས་རྗེས། ལིང་ཁྲེང་ཆུས་ཀྲོ་ཨེར་ཚན་རྩལ་ཀུང་སིའི་བཙོ་སྦྱང་དང་བྱེ་ལྷུང་སོགས་ལས་རིམ་གྱི་རླངས་རོ་བསྡུ་རུབ་དང་ཐག་གཅོད་བྱེད་ཤུགས་མི་འདང་བས་དུ་བའི་སྦགས་བཙོག་ཆེ་ཙམ་ཡོད་པ་ཤེས་རྟོགས་བྱུང་ཡོད།

    ལྟ་བཤེར་ཚོགས་ཆུང་གིས་འབྲེལ་ཡོད་གནས་ཚུལ་ལ་སྔར་བས་བརྟག་དཔྱད་བྱ་རྒྱུ་མ་ཟད། བླང་བྱ་གཞིར་བཟུང་རྗེས་མཐུད་ཀྱི་ལྟ་བཤེར་ལས་དོན་ཡག་པོ་བསྒྲུབ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།