ཐེན་ཅིན་གྱི་ཀྲུང་ལུགས་སྨན་རྫས་རྒྱུན་འཛིན་དང་གསར་གཏོད་གཞན་སྒྱུར་གྱི་སྤྱི་པའི་ཞབས་ཞུའི་ལས་སྟེགས་སྤྱོད་འགོ་ཚུགས་པ།
ཉིན་ཤས་གོང་། ཐེན་ཅིན་གྱི་ཀྲུང་ལུགས་སྨན་རྫས་རྒྱུན་འཛིན་དང་གསར་གཏོད་གཞན་སྒྱུར་གྱི་སྤྱི་པའི་ཞབས་ཞུའི་ལས་སྟེགས་དངོས་སུ་སྤྱོད་འགོ་ཚུགས་ཤིང་། ཤེས་རྟོགས་བྱུང་བ་ལྟར་ན། ལས་སྟེགས་དེས་ཀྲུང་ལུགས་སྨན་རྫས་ཀྱི་སྤུས་ཚད་མཐོ་རུ་གཏོང་རྒྱུ་རྨང་གཞིར་བྱེད་པ་དང་། རྒྱལ་ཁབ་རིམ་པའི་ཀྲུང་ལུགས་སྨན་རྫས་ཞིབ་སྤེལ་ལས་སྟེགས་ལ་འདེགས་སྐྱོར། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་ཉིད་ཐབས་ལམ་བཅས་སུ་བྱས་ཏེ་ཀྲུང་ལུགས་སྨན་རྫས་གསར་གཏོད་སྐྱེ་ཁམས་དང་། ཐོན་ལས་སྐྱེ་ཁམས། བདེ་འཇགས་སྐྱེ་ཁམས་བཅས་གཞི་གཅིག་ཏུ་འཛུགས་སྐྱོང་བྱས་ནས་ཀྲུང་ལུགས་སྨན་རྫས་ཀྱི་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། ལས་སྟེགས་ཀྱིས་རྒྱལ་ཁབ་ཀྱི་དེང་རབས་ཀྲུང་ལུགས་གསོ་རིག་གསར་གཏོད་ལྟེ་གནས་གཙོ་བོར་བྱས་ཤིང་། ཐེན་ཅིན་ཀྲུང་ལུགས་གསོ་རིག་སློབ་ཆེན་ལ་བརྟེན་ནས“སྲིད་ཐོན་སློབ་ཞིབ་སྨན་དངུལ་ཞབས”བཅས་ཀྱི་འཁོར་འབྲེལ་ཧྲིལ་པོའི་ཐོན་ཁུངས་གཅིག་ཏུ་བསྒྲིལ་བ་དང་། “ཞིབ་སྤེལ་གསར་གཏོད་དང་། ཚོད་ལྟ་འབྲིང་ཆུང་། ཡོངས་སྤྱོད་བཟོ་སྐྲུན། ཚོང་གཉེར་ཞབས་ཞུ། མ་འཇོག་དང་མ་དངུལ་བསྡུ་སྒྲིལ་གྱི་ཞབས་ཞུ”བཅས་ཀྱི་གསར་གཏོད་ཞབས་ཞུའི་ལས་སྟེགས་ཆེན་པོ་ལྔ་ལས་གྲུབ་པ་དང་། “དྲ་ཐོག་དང་དྲ་ཕྱི”མཉམ་འདྲེས་མཉམ་སྐྲུན་བྱེད་སྟངས་སྤྱད་དེ་གཉེར་སྐྱོང་བྱ་རྒྱུ་ཡིན་པ་རེད།