དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • “འགྲན་སློང་ལ་ཁ་གཏད་གཅོག་པར་གོ་ལ་ཧྲིལ་པོའི་དབར་སྐད་ཆ་ཤོད་རེས་དང་མཉམ་ལས་བྱེད་དགོས”

    འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་ལག་བསྟར་ཏུང་ཧྲི་དང་ཀྲུང་ཧྭ་ཆེན་པོ་ཁུལ་གྱི་ཀྲུའུ་ཞི་གཅིག་ལྕོགས་ལེང་ཅིན་ཧུའེ་ལ་བཅར་འདྲི་བྱས་པ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ཤིན་ཞུའེ། ལི་ཤིན་དབྱི།   |     སྤེལ་དུས།  2025-06-26

    འདི་ནི་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་ལག་བསྟར་ཏུང་ཧྲི་དང་ཀྲུང་ཧྭ་ཆེན་པོ་ཁུལ་གྱི་ཀྲུའུ་ཞི་གཅིག་ལྕོགས་ལེང་ཅིན་ཧུའེ་ཡིན་པ།

    ཟླ་6ཚེས་24ནས་ཚེས་26ཉིན་བར། འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་སྣེ་འཁྲིད་པ་གསར་པའི་ལོ་ཚོགས་སྐབས་བཅུ་དྲུག་པ(“དབྱར་དུས་ཏ་ཝོ་སི་གླེང་སྟེགས”ཀྱང་ཟེར)ཐེན་ཅིན་དུ་འཚོགས་ཤིང་། སྐབས་འདིའི་ཚོགས་འདུར་རྒྱལ་ཁབ་དང་ས་ཁུལ་90ལྷག་ཙམ་གྱི་སྲིད་གཞུང་དང་། ཁེ་ལས། སྨྱན་སྦྱོར་སྒྲིག་གཞི། རིག་གཞུང་ལས་རིགས། དེ་བཞིན་རྒྱལ་སྤྱིའི་རྩ་འཛུགས་བཅས་ཀྱི་སྐུ་མགྲོན་1800ཙམ་མཉམ་དུ་འཛོམས་ཡོད། “ཀྲུང་གོར་དབྱར་དུས་ཏ་ཝོ་སི་གླེང་སྟེགས་གཉེར་བ་ལས་གོ་ལ་ཧྲིལ་པོའི་འཕར་སྣོན་སྒུལ་ཤུགས་སུ་གྱུར་པའི་ཨེ་ཤེ་ཡའི་ནུས་པ་མངོན་གསལ་དོད་པོ་མངོན་ཡོད། སྔོན་དཔག་བྱས་ན་2025ལོར་ཨེ་ཤེ་ཡས་གོ་ལ་ཧྲིལ་པོའི་དཔལ་འབྱོར་60%ཙམ་འཕར་རྒྱུར་སྐུལ་འདེད་གཏོང་རྒྱུ་རེད་ལ། ཀྲུང་གོས་དེའི་ནང་ནས་ཕྱེད་ཀ་ལེགས་སྐྱེས་འབུལ་རྒྱུ་རེད”ཅེས་ཉིན་ཤས་གོང་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་ལག་བསྟར་ཏུང་ཧྲི་དང་ཀྲུང་ཧྭ་ཆེན་པོ་ཁུལ་གྱི་ཀྲུའུ་ཞི་གཅིག་ལྕོགས་ལེང་ཅིན་ཧུའེ་ཡིས་འདི་ག་ཚགས་པར་གྱི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས་དེ་ལྟར་བརྗོད།

    “ཀྲུང་གོ་དང་ཨེ་ཤེ་ཡས་གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕར་བ་དང་། ཚོང་དོན་མ་འཇོག དེ་བཞིན་ལག་རྩལ་གསར་གཏོད་བཅས་ལ་ལེགས་སྐྱེས་གལ་ཆེན་ཕུལ་ཡོད་པས། སྐབས་འདིའི་གླེང་སྟེགས་ཀྱིས་ཀྱང་ཀྲུང་གོ་དང་ཨེ་ཤེ་ཡར་གཙོ་གནད་ཐོག་དོ་ཁུར་བྱ་རྒྱུ་རེད”ཅེས་ལེང་ཅིན་ཧུའེ་ཡིས་བརྗོད་པ་དང་། ཁོང་གིས། སྐབས་འདིའི་གླེང་སྟེགས་ལ་ཚོགས་འདུ་མང་པོ་ཞིག་གིས་ཀྲུང་གོའི་བརྗོད་དོན་གཙོ་བོར་དམིགས་ཏེ་དཔལ་འབྱོར་འཕེལ་རྒྱས་དང་། གསར་གཏོད་གསར་སྐྲུན། བཟོ་སྐྲུན་ལས་རིགས། ནུས་རྒྱུ་ཕྱོགས་སྒྱུར། མི་ཐབས་རིག་ནུས་སོགས་ཀྱི་ནང་དོན་ཚུད་ཡོད། “ང་ཚོས་ཀྲུང་གོའི་ཐུན་མོང་མ་ཡིན་པའི་མི་ཐབས་རིག་ནུས་ཀྱི་འཕེལ་རྒྱས་ཐབས་ལམ་ལ་ཐུན་མོང་ཐོག་བགྲོ་གླེང་བྱས་ནས། ཕྱོགས་ཁག་གིས་ཀྲུང་གོའི་གསར་གཏོད་ཀྱི་སྐྱེ་ཁམས་མ་ལག་དང་དེ་བཞིན་ལག་རྩལ་ཕྱོགས་སྒྱུར་ལ་སྐུལ་འདེད་བཏང་བ་བརྒྱུད་ཐོབ་པའི་གྲུབ་འབྲས་ཤེས་རྟོགས་བྱེད་རོགས་དང་། སྤུས་ཚད་མཐོ་བའི‘རྒྱུད་གཅིག་ལམ་གཅིག’མཉམ་སྐྲུན་རྣམ་གྲངས་ཀྱི་འཕེལ་རིམ་གསར་ཤོས་དང་མ་འོངས་འཆར་གཞི་ངོ་སྤྲོད་ཐུབ་རྒྱུའི་རེ་བ་ཡོད”ཅེས་བརྗོད།

    “འཛམ་གླིང་གི་དཔལ་འབྱོར་སྡེ་གཞི་ཆེ་གྲས་གཉིས་པ་དང་རྒྱལ་ཁབ་མང་པོའི་ཚོང་དོན་རོགས་ཟླ་གལ་ཆེན་ཡིན་པའི་ཀྲུང་གོས་གོ་ལ་ཧྲིལ་པོའི་རོགས་ཟླའི་འབྲེལ་བ་འཛུགས་པར་སྐུལ་འདེད་གཏོང་བ་དང་། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པ། གོ་ལ་ཧྲིལ་པོའི་ཚོང་དོན་དང་ཐོན་ལས་མཁོ་སྤྲོད་འཁོར་འབྲེལ་གྱི་མཉེན་ཤུགས་ཆེ་རུ་གཏོང་བ། མི་ཐབས་རིག་ནུས་བཅོས་སྐྱོང་གི་སྒྲོམ་གཞི་འཛུགས་པ་སོགས་ཀྱི་ཐད་འགག་རྩའི་ནུས་པ་འདོན་བཞིན་ཡོད”ཅེས་ལེང་ཅིན་ཧུའེ་ཡིས་བརྗོད།

    ལེང་ཅིན་ཧུའེ་ཡིས། རྒྱལ་ཁབ་ཁག་གི་སྲིད་གཞུང་དང་ཁེ་ལས་ཀྱིས་ངེས་པར་དུ་རང་ངོས་ཀྱི་གནས་ཚུལ་དང་མཐུན་པའི་འཕེལ་རྒྱས་ཀྱི་ཐབས་ལམ་འཚོལ་དགོས། “ང་ཚོ་སའི་གོ་ལ་གཅིག་གི་སྟེང་དུ་འཚོ་བ་སྐྱེལ་བཞིན་ཡོད་པ་དང་། རྒྱལ་ཁབ་ཁག་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཕན་ཚུན་གཅིག་ལ་གཅིག་བརྟེན་ཡིན་པས། འགྲན་སློང་ལ་ཁ་གཏད་གཅོག་པར་གོ་ལ་ཧྲིལ་པོའི་དབར་སྐད་ཆ་ཤོད་རེས་དང་མཉམ་ལས་བྱེད་དགོས། ཕྱོགས་ཁག་གིས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་ནས། དངུལ་རྩའི་མཉམ་ལས་གསར་གཏོད་དང་། འཕར་སྣོན་གྱི་སྒུལ་ནུས་གསར་པ་སྐྱེད་སྲིང་། ཚོང་དོན་དང་། མ་འཇོག ལག་རྩལ་བཅས་ཀྱི་རོགས་ཟླའི་འབྲེལ་བ་གསར་པ་འཛུགས་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ཕྱོགས་མང་རིང་ལུགས་ལ་ཐུན་མོང་ཐོག་སྲུང་སྐྱོང་བྱེད་དགོས”ཞེས་བརྗོད། (པད་ཆོས་ཀྱིས་བསྒྱུར། ཚེ་བརྟན་སྒྲོལ་དཀར་གྱིས་ཞུས)

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།