མ་ལེ་ཞི་ཡའི་མཚོ་དོན་ཁྲིམས་སྒྱུར་ཅུས་ཀྱི་གྲུ་གཟིངས་ཀྲུང་གོར་འཚམས་འདྲིར་ཐེངས་དང་པོ་འོང་བ།
ཤིན་ཧྭ་གསར་འགྱུར་ཁང་སན་ཡཱ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། མ་ལེ་ཞི་ཡའི་མཚོ་དོན་ཁྲིམས་སྒྱུར་ཅུས་ཀྱི་གྲུ་གཟིངས་ཨང་རྟགས་8305ཧའེ་ནན་གྱི་སན་ཡཱ་གྲུ་ཁར་འབྱོར་པ་དང་། མ་ལེ་ཞི་ཡའི་མཚོ་དོན་ཁྲིམས་སྒྱུར་ཅུས་ཀྱི་ཀྲུན་ཅང་དམག་དཔོན་ཆེ་མོ་ཁ་ཨེ་ལི·ཨ་ཆི་ཙིས་འཐུས་མི་ཚོགས་པའི་སྣེ་ཁྲིད་དེ་མཉམ་དུ་ཀྲུང་གོར་ཡོང་ནས་ལས་དོན་གྲོས་མོལ་ལ་ཞུགས་པ་རེད།
ཉེ་ཆར། ཀྲུང་གོ་མཚོ་ཐོག་ཉེན་རྟོག་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཀྲའོ་ཞུའེ་ཞང་དང་མ་ལེ་ཞི་ཡའི་འཐུས་མི་ཚོགས་པའི་ཚོགས་གཙོ་ཀྲུན་ཅང་དམག་དཔོན་ཆེ་མོ་ཁ་ཨེ་ལི·ཨ་ཆི་ཙི་རྣམ་གཉིས་ཀྱིས་མཉམ་དུ་ཀྲུང་གོ་དང་མ་ལེ་ཞི་ཡའི་མཚོ་ཐོག་ཉེན་རྟོག་གི་ལས་དོན་གྲོས་མོལ་ཐེངས་དང་པོ་གཙོ་སྐྱོང་བྱས་ཤིང་། ཕྱོགས་གཉིས་པོས་མི་སྣའི་སྤེལ་རེས་དང་། ཆ་འཕྲིན་མཉམ་སྤྱོད། མཚོ་ཐོག་འཚོལ་སྐྱོབ། མཉམ་འབྲེལ་ཁྲིམས་སྒྱུར་སོགས་ཀྱི་ཐད་བསམ་འཆར་བརྗེ་རེས་བྱས་པ་རེད། ཕྱོགས་གཉིས་པོས་མཚོ་ཐོག་དངོས་སྒྲུབ་མཉམ་ལས་སྔར་བས་ཟབ་ཏུ་གཏོང་བ་དང་། ཆ་འཕྲིན་སྤེལ་རེས་དང་མཉམ་འགུལ་ལ་ཤུགས་རྒྱག་པ། མཚོ་ཐོག་གི་ཐོལ་བྱུང་དོན་རྐྱེན་ཐག་གཅོད་གང་ལེགས་བཅས་བྱས་པར། ས་ཁུལ་གྱི་མཚོ་ཐོག་བདེ་འཇགས་དང་བརྟན་ལྷིང་མཉམ་དུ་སྲུང་སྐྱོང་ལ་ངོས་འཛིན་གཅིག་མཐུན་བྱུང་བ་རེད།