ཀྲུང་གུང་སྐུ་ཚབ་ཚོགས་པས་མོང་གོལ་རྒྱལ་ཁབ་ལ་འཚམས་འདྲི་གནང་བ།
ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཨུ་ལན་དཔའ་ཐུལ་ནས་ཟླ་6ཚེས་22ཉིན་གློག་འཕྲིན་འབྱོར་གསལ། ཟླ་6ཚེས་20ནས་ཚེས་22ཉིན་བར། ཀྲུང་གུང་ཀྲུང་དབྱང་གི་ཨུ་ཡོན་དང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་གི་ཡོན་ཀྲང་ཆུས་ཆིང་ཧྲན་གྱིས་ཀྲུང་གུང་སྐུ་ཚབ་ཚོགས་པའི་སྣེ་ཁྲིད་དེ་མོང་གོལ་རྒྱལ་ཁབ་ལ་འཚམས་འདྲི་གནང་ཞིང་། མོང་གོལ་རྒྱལ་ཁབ་ཀྱི་མིའི་རིགས་ཏང་གི་ཀྲུའུ་ཞི་དང་སྲིད་གཞུང་གི་ཙུང་ལི་གཞོན་པ་ཏོར་ཅི་ཧན་ཏེ་དང་། མི་དམངས་ཏང་གི་འགོ་ཁྲིད་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་ཧྲུའུ་ཅི་དང་པོ་ཨེན་ཧོ་པ་ཐེར། དམངས་གཙོ་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི་ཀན་ཉི་པ་ལེ་བཅས་དང་ཐུག་འཕྲད་གནང་བ་དང་། དེ་བཞིན་མི་དམངས་ཏང་གི་ཏང་ཡོན་ལས་བྱེད་པ་དང་རིག་མཛོད་མཁས་དབང་དང་མཉམ་དུ་རྒྱལ་ཁབ་འཕེལ་རྒྱས་ཀྱི་འཐབ་ཇུས་འགོད་རྒྱུ་དང་རང་རྒྱལ་ཁབ་ཀྱི་དེང་རབས་ཅན་གྱི་འགྲོ་ལམ་འཚོལ་ཞིབ་བྱ་རྒྱུ་སོགས་ཐད་སྤེལ་རེས་གནང་བ་རེད།
མོང་གོལ་རྒྱལ་ཁབ་ཕྱོགས་ཀྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཕུལ་བྱུང་གྲུབ་འབྲས་ལ་ཚད་མཐོའི་གདེང་འཇོག་བྱས་ཤིང་། ཀྲུང་གོ་ཕྱོགས་དང་མཉམ་དུ་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུར་ཤུགས་སྣོན་རྒྱག་པ་དང་འཕེལ་རྒྱས་ཀྱི་འཐབ་ཇུས་དང་འབྲེལ་མཐུད་ཟབ་ཏུ་བཏང་སྟེ། མོང་ཀྲུང་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་སྐྱོན་བྲལ་ངང་འཕེལ་རྒྱས་བརྟན་པོ་ཡོང་བར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བརྗོད་པ་རེད།