བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་ཀོང་པོ་རྒྱ་མདའ་རྫོང་ཐའེ་ཀྲའོ་གྲོང་ཚོའི་མྱུར་སྐྱེལ་བསྐུར་མ་རྩིས་ལེན་ས་ཚིགས་ཀྱིས་དམངས་ཕན་ཞབས་ཞུ་ལེགས་སུ་བཏང་བ།
བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་ཀོང་པོ་རྒྱ་མདའ་རྫོང་ཐའེ་ཀྲའོ་གྲོང་ཚོའི་དམངས་ཕན་ཞབས་ཞུའི་ལྟེ་གནས་ཀྱི་བར་ཁྱམས་ནང་གི་ཟོག་སྒྲོམ་སྟབས་བདེ་ཁ་ཤས་ཐོག ཀྲུང་ཐུང་དང་ཡུན་ཏཱ་སོགས་མྱུར་སྐྱེལ་བསྐུར་མ་གྲལ་སྟར་བསྒྲིགས་ནས་བཞག་ཡོད་པ་རེད།
མྱུར་སྐྱེལ་བ་བསྟན་པས་དེ་གར་མྱུར་སྐྱེལ་བསྐུར་མ་འཇོག་གི་ཡོད་ལ། ཁོང་གིས“སྔོན་ཆད་གྲོང་ཚོ་འདིར་གནས་གཏན་འཁེལ་གྱི་རྩིས་ལེན་ས་ཚིགས་མེད་པས། ཟང་ཟིང་དུ་བཞག་སྟེ་བོར་བརླག་ཕྱིན་པ་ཡང་མང་པོ་ཡོད། ད་ཆ་ཆེད་མངགས་ཀྱི་ཞབས་ཞུའི་ས་ཚིགས་ཡོད་པས་མྱུར་སྐྱེལ་བསྐུར་མ་ལེན་སྤྲོད་ཀྱི་ལས་ཕྱོད་སྔར་བས་ཆེ་རུ་ཕྱིན་སོང”ཞེས་བཤད།
གྲོང་གསེབ་ཏུ་དྲ་ཚོང་འཕེལ་རྒྱས་ཕྱིན་པ་དང་བསྟུན་ནས། ཡུལ་མི་ཚོའི་དྲ་ཐོག་ཟོག་ཉོའི་དགོས་མཁོ་ཡང་ཉིན་རེ་བཞིན་ཇེ་ཆེར་འགྲོ་བཞིན་ཡོད་མོད། ཡིན་ན་ཡང་མྱུར་སྐྱེལ་ཞབས་ཞུ་དུད་ཚང་ཚང་མར་ནུས་ལྡན་ཁྱབ་ཐུབ་མེད། ནམ་རྒྱུན་ཐའེ་ཀྲའོ་གྲོང་ཚོའི་གྲོང་མིའི་མྱུར་སྐྱེལ་བསྐུར་མ་གྲོང་ཚོའི་ནང་གི་ཇ་ཁང་སོགས་སུ་གནས་སྐབས་བཞག་ནས་གཅིག་གྱུར་གྱི་དོ་དམ་བྱེད་མཁན་མེད་པས། དུས་ཐོག་ཏུ་ལེན་མི་ཐུབ་པ་དང་། འཇོག་ས་ཁ་ཐོར་ཡིན་པ། མཚམས་རེར་བོར་བརླག་འགྲོ་བ་སོགས་ཀྱི་གནད་དོན་ཐག་གཅོད་ཐུབ་མེད་པ་རེད།
སྣང་ཚུལ་དེར་དམིགས་ནས། ཐའེ་ཀྲའོ་གྲོང་སྡོད་ལས་དོན་རུ་ཁག་གིས་གྲོང་ཚོའི“ཨུ་ལྷན་གཉིས”དང་མཐུན་སྦྱོར་ཧུར་ཐག་བྱས་ཐོག ད་ཡོད་ཀྱི་སྤྱི་པའི་ཐོན་ཁུངས་བེད་སྤྱོད་གང་ལེགས་བྱས་ནས་མྱུར་སྐྱེལ་བསྐུར་མ་གནས་སྐབས་རྩིས་ལེན་ས་ཚིགས་བཙུགས་པས་ཆེད་དུ་ཁང་པ་བརྒྱབ་ནས་འགྲོ་སོང་གཏོང་མི་དགོས་པ་མ་ཟད། མྱུར་སྐྱེལ་བསྐུར་མ་ཉར་ཚགས་ལས་ཀ་ཚད་ལྡན་དུ་ཡང་ཕྱིན་ཡོད། གཅིག་གྱུར་ཐོག་ཉར་ཚགས་དོ་དམ་བྱས་པས་བསྐུར་མ་ཕྱི་རོལ་ལ་གང་འདོད་བཞག་ནས་བོར་བརླག་བྱུང་བའམ་ཡང་ན་ཆག་སྐྱོན་ཐེབས་པའི་གནད་དོན་ཐག་གཅོད་ནུས་ལྡན་ཐུབ་སྟེ། གྲོང་མིས་དྲ་ཐོག་ནས་དངོས་ཟོག་ཉོ་བར་སྔར་བས་བློ་བདེ་པོ་ཡོང་བར་བྱས་ཡོད། མྱུར་སྐྱེལ་བསྐུར་མ་གནས་སྐབས་རྩིས་ལེན་ས་ཚིགས་བཙུགས་ཚུན། གྲོང་སྡོད་ལས་དོན་རུ་ཁག་གིས་གྲོང་མིའི་སྐད་འཕྲིན་ཚོགས་པ་དང་ཡང་ན་ཁ་པར་བརྒྱུད་དུས་ཐོག་ཏུ་བརྡ་གཏོང་གི་ཡོད་པ་དང་ཆབས་ཅིག ཞབས་ཞུའི་ལྟེ་གནས་དེའི་ལྟ་སྐུལ་ཚོད་འཛིན་སྒྲིག་ཆས་སྤྱད་དེ་བསྐུར་མའི་བདེ་འཇགས་འགན་ལེན་ཡང་བྱེད་ཀྱི་ཡོད།
གྲོང་མི་ལྷ་མོས“ད་ཆ་བསྐུར་མ་ལེན་བདེ་པོ་ཡོད་པ་མ་ཟད་བོར་བརླག་འགྲོ་བའི་སེམས་ཁྲལ་ཡང་བྱེད་དགོས་མི་འདུག ལས་དོན་རུ་ཁག་གིས་ང་ཚོར་བྱ་བ་བཟང་པོ་ཞིག་བསྒྲུབས་སོང་། ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ཞེས་བཤད།