དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ནག་ཆུ་གྲོང་ཁྱེར་བྱང་ཐང་བུད་མེད་ཡོངས་བཤེར་རུ་ཁག་གིས་ལྷག་བསམ་དཀར་པོས་བོད་བྱང་ཐང་གི་ཤེས་རིག་གི་འཕེལ་རྒྱུན་སྲུང་བའི་ལས་ལ་གཞོལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-06-26

    འདི་ནི་བུད་མེད་ཡོངས་བཤེར་རུ་ཁག་གི་རུ་མི་རིག་དངོས་གནས་ཡུལ་དུ་སྐྱོད་བཞིན་པ། (ཚེ་རིང་ཆོས་ཚོས་པར་མཁོ་འདོན་བྱས)

    2023ལོའི་ལོ་མཇུག་ཏུ། རྒྱལ་ཡོངས་ཀྱི་རིག་དངོས་ཡོངས་བཤེར་ལས་དོན་ཐེངས་བཞི་པ་དངོས་སུ་སྤེལ་འགོ་ཚུགས་པ་རེད། ཡངས་ཤིང་རྒྱ་ཆེ་བའི་བོད་བྱང་ཐང་གི་ས་མཐོར། ནག་ཆུ་གྲོང་ཁྱེར་རིག་གནས་དང་ཡུལ་སྐོར་ཅུས་ཀྱིས་སྐུལ་སློང་བཀའ་རྒྱ་བཏང་མ་ཐག ན་གཞོན་བུད་མེད་མང་པོས་རང་འགུལ་ངང་རེ་ཞུ་ཕུལ་ཞིང་། ཁོང་ཚོའི་རེ་འདུན་ཞུ་ཡིག་ནང“ང་ཚོ་ས་གནས་ས་ཐོག་ཏུ་བསྐྱོད་དེ་རིག་དངོས་ཡོངས་བཤེར་བྱེད་འདོད་འདུག”ཅེས་བྲིས་ཡོད་པ་རེད།

    ཉིན་འགའ་སོང་རྗེས། བོད་རིགས་བུད་མེད་ལས་གྲུབ་པའི་ཡོངས་བཤེར་རུ་ཁག་སྟེ། བྱང་ཐང་གི་བུད་མེད་ཡོངས་བཤེར་རུ་ཁག་ནག་ཆུར་དངོས་སུ་བཙུགས། ཆ་སྙོམས་ལོ་ཚད་30ཡང་ཟིན་མེད་པའི་རུ་མི་5ལས་གྲུབ་པའི་རུ་ཁག་དེས་རང་ཉིད་ཀྱི་ནུས་ཤུགས་ལ་བརྟེན་ནས་རིག་དངོས་ཡོངས་བཤེར་གྱི་ལས་འགན་ལྕི་པོ་ཕྲག་ཏུ་ཁུར་ཡོད།

    ཡོངས་བཤེར་ལས་དོན་སྤེལ་ནས་ལོ་གཅིག་སོང་རིང་། བྱང་ཐང་གི་བུད་མེད་ཡོངས་བཤེར་རུ་ཁག་གིས་ཆ་སྙོམས་ས་བབ་སྨི་4500ལས་བརྒལ་བའི་ནག་ཆུ་གྲོང་ཁྱེར་གྱི་རྫོང(ཆུས) 11དང་གྲོང་ཚོ(གྲོང་ལྷན)100ལྷག་ཙམ་གྱི་ལྟེ་བའི་ཁུལ་གང་སར་རྐང་ཐང་མར་བསྐྱོད་དེ། སྨྱུ་གུ་དང་པར་ཆས་སྤྱད་ནས་རྗེས་ཤུལ་རེ་རེ་བཞིན་ཟིན་ཐོར་བཀོད་ཡོད། ཁོང་ཚོས་གངས་རླུང་དང་ཡུལ་པོའི་ཁྲོད་ཡོངས་བཤེར་ལས་ལ་གཞོལ་བར། རིམ་རྩིས་བརྒྱབ་ན། སྤོ་མི་རུང་བའི་རིག་དངོས་གནས་ཡུལ་ཁག་800ལྷག་ཙམ་ལ་ས་གནས་ས་ཐོག་གི་བརྟག་དཔྱད་དང་ཕྱོགས་ཡོངས་ཀྱི་ཐིག་ལེན་རིས་འབྲིའི་ལས་དོན་བསྒྲུབས་ནས། ནག་ཆུའི་རིག་དངོས་སྲུང་སྐྱོང་ལས་དོན་གྱི་སྟོང་ཆ་མང་པོ་བསྐངས་ཏེ། བོད་བྱང་ཐང་གི་ཤེས་རིག་གི་འཕེལ་རྒྱུན་སྔོག་འདོན་དང་སྲུང་སྐྱོང་གི་ལས་ཀར་རྩེ་གཅིག་ཏུ་གཞོལ་ཡོད།

    ནག་ཆུའི་རིག་དངོས་ཁ་ཐོར་དུ་གནས་པ་དང་འགྲིམ་འགྲུལ་སྟབས་མི་བདེ་བ་མ་ཟད། ས་ཁུལ་ཁག་གཅིག་ཏུ་མིའང་འགྲོ་སྐྱོད་དཀའ་བའི་དབང་གིས། རིག་དངོས་ཡོངས་བཤེར་ལས་དོན་གྱི་དཀའ་ངལ་ནི་སྤྱིར་བཏང་གི་མིའི་བསམ་ཚོད་ལས་འདས། ཡོངས་བཤེར་རུ་ཁག་གི་ཁོངས་མི་རྣམས་རིག་གནས་འགྲེམས་ཚོགས་དང་། དྲུང་ཡིག དོ་དམ་སོགས་ལས་གནས་མི་འདྲ་བ་ནས་ཡོང་བ་ཤ་སྟག་ཡིན་རུང་། བོད་བྱང་ཐང་གི་ལྟེ་བའི་ཁུལ་དུ་བསྐྱོད་དེ་ནག་ཆུའི་ཤེས་རིག་འཕེལ་རྒྱུན་གྱི་རྩ་བ་སྔོག་འདོན་དང་སྲུང་སྐྱོབ་བྱེད་པའི་ཕུགས་འདུན་གཅིག་པ་རེད།

    ཡོངས་བཤེར་རུ་ཁག་གི་སྣེ་ཁྲིད་པ་ཚེ་རིང་ཆོས་མཚོ་ལོ་ན་གཞོན་རུང་ལས་སྒྲུབ་ཀྱི་འཇོན་ཐང་ཆེན་པོ་ལྡན་པ་དང་། རུ་མི་བསྟན་འཛིན་དབང་མོ་དང་། སྒྲོལ་མ་ཚེ་རིང་། བདེ་སྐྱིད་གཡང་འཛོམས། ལྷ་མོ་ཤིས་མཚོ་བཅས་ལའང་རང་རང་གི་ཁྱད་ཆོས་ལྡན་ཡོད། དུས་ཚོད་ཛ་དྲག་པོ་ཡོད་སྟབས། ཁོང་ཚོས་གང་མགྱོགས་རུ་ཁག་སྒྲིག་འཛུགས་དང་འདུ་འཛོམས་སྦྱོང་བརྡར་བྱས་ནས་རྡོག་ཆས་ཁྱེར་ཏེ་རྒྱང་ལམ་དུ་རྡོག་ཐོན་བྱས། ཡོངས་བཤེར་གྱི་ལས་འགན་དཀའ་ཚེགས་ཆེ་ཞིང་། ཁོང་ཚོས་ལོ་གཅིག་ནང་ནག་ཆུའི་ས་ཆ་ཚང་མར་བསྐྱོད་དེ། “ཡོངས་བཤེར་ཐེངས་གསུམ་པའི”རིག་དངོས་གནས་ཡུལ་ལ་བསྐྱར་ཞིབ་བྱེད་དགོས་པ་མ་ཟད། གསར་དུ་རྙེད་པའི་རིག་དངོས་གནས་ཡུལ་ལའང་བརྟག་དཔྱད་བྱེད་དགོས་ཀྱི་ཡོད།

    རིག་དངོས་ཡོངས་བཤེར་ལས་དོན་ལ་འགྲན་སློང་གིས་ཁེངས་པ་སྟེ། རིག་དངོས་གནས་ཡུལ་ཚང་མ་ནི་ལོ་རྒྱུས་ཀྱི་བསྡུས་རིས་ཡིན་སྟབས་ལྟ་སྟངས་ནན་པོ་འཛིན་དགོས་པ་དང་། རྗེས་ཤུལ་ཚང་མ་ནི་གབ་ཚིག་ལྟ་བུ་ཡིན་པས་ཁོང་ཚོས་དེའི་གབ་ལན་བརྟོལ་དགོས་ཀྱི་ཡོད། ཁོང་ཚོས་སྒུར་སྒུར་བྱས་ནས་ཐོར་ཞིག་ཏུ་སོང་བའི་རྡོ་གྱང་ལ་ཚད་འཇལ་བ་དང་པུས་མོ་བཙུགས་ནས་རི་མོར་བསྡུར་བ་བྱེད་པ་སོགས་ཞིབ་ཆའི་གནས་ཚང་མ་མ་ལུས་པར་བྱེད་ཀྱི་ཡོད། ལས་ཀ་བྱེད་སྐབས་བློ་རྩེ་གཅིག་ཏུ་སྒྲིམ་དགོས་པ་དང་། ལ་བརྒལ་ཀླུང་བརྒྱབ་བྱེད་པ་ནི་ཧ་ཅང་རྒྱུན་གཏན་ཞིག་ཏུ་གྱུར་ཡོད། ས་རུབ་ཚེ་ཁོང་ཚོས་གཞི་ནས་ཟིན་དེབ་དང་ཉར་གསོག་གཱ་འཁྱེར་ཏེ་བཅའ་སྡོད་ཁུལ་དུ་ལོག་གི་ཡོད།

    ས་བབ་སྨི་4500ཟིན་པའི་མཚོ་བོད་ས་མཐོའི་ལྟེ་བའི་ཁུལ་དུ་ཡོངས་བཤེར་རུ་ཁག་གིས་ས་བབ་ཀྱི་དབང་གིས་གཟུགས་པོ་མི་བདེ་བར་གྱུར་བའི་དཀའ་ངལ་ཁྱད་བསད་བྱེད་དགོས་པར་མ་ཟད། ད་དུང་རི་སྐྱེས་སྲོག་ཆགས་དང་འཕྲད་སྲིད་པའི་ཉེན་ཁ་སྣ་ཚོགས་ལ་ཁ་གཏད་གཅོག་པའི་བསམ་བློའི་གྲ་སྒྲིག་ཀྱང་དགོས་ཀྱི་ཡོད། ཚེ་རིང་ཆོས་མཚོས་ཉི་མ་རྫོང་དུ་ཡོངས་བཤེར་བྱེད་རིང་གི་གནས་ཚུལ་ལ་ཕྱིར་དྲན་བྱེད་བཞིན། “ས་གནས་དེ་གའི་ཆ་རྐྱེན་ཞན་པས་ང་ཚོས་རྟག་ཏུ་ཡུལ་མིའི་གམ་ནས་གནས་ཚང་གཡར་ཏེ་སྡོད་དགོས་པ་དང་། ང་ཚོ་རུབ་རུབ་ཀྱིས་ས་ཐོག་ཏུ་གདན་བཏིང་སྟེ་མལ་ཁུག་གིས་མགོ་བོ་བཏུམས་ནས་ཉལ་དགོས་པས་གྲང་ངར་ཧ་ཅང་བཟོད་དཀའ། སྤྱིར་བཏང་གི་མལ་ཁུག་གིས་ས་མཐོའི་དྲོད་ཚད་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་ཁ་ཤས་ཀྱི་གྲང་ངར་འགོག་མི་ཐུབ་སྟབས། མཚན་གང་གཉིད་ཁུག་གི་མི་འདུག”ཅེས་བརྗོད།

    ཡོངས་བཤེར་ལས་ཀ་དཀའ་ཚེགས་ཆེ་ཡང་། མི་སེམས་དྲོས་ཤིང་སེམས་འགུལ་ཐེབས་དགོས་པ་མང་པོ་བྱུང་། རིག་དངོས་གནས་ཡུལ་མང་པོ་ཞིག་ས་གནས་དེ་གའི་འབྲོག་པར་སྐད་ཆ་འདྲི་དགོས་པ་དང་། འབྲོག་པ་ཚོས་རིག་དངོས་སྲུང་སྐྱོང་བྱེད་པར་གཞོལ་བ་ལས་ཐོབ་ཆའི་སྐོར་ལ་བསམ་བློ་གཏན་ནས་གཏོང་གི་མེད། འབྲོག་པས་ཡོངས་བཤེར་རུ་ཁག་གི་སྣེ་ཤན་པ་བྱས་ཏེ་ལ་བརྒལ་ཀླུང་བརྒྱབ་ག་ཚོད་བྱེད་དགོས་རུང་འཁང་ར་གཏན་ནས་མི་བྱེད་པ་མ་ཟད། ད་དུང་རྟག་ཏུ་ང་ཚོར་ཇ་སྲུབ་མ་དང་། ཞོ། ཤ་སྐམ་པོ་སོགས་སྐྱེལ་གྱི་འདུག ཉི་མ་རྫོང་དུ་འབྲོག་པ་ཞིག་གིས་ཐོར་འཁོད་མེད་པའི་དུར་ས་ཆུང་གྲས་ཤིག་སྲུང་སྐྱོབ་བྱེད་བཞིན་ཡོད་པ་དང་། ཡོངས་བཤེར་རུ་མི་ཚོས་དེ་སྲུང་སྐྱོབ་ཁྱབ་ཁོངས་ནང་བཅུག་སྐབས། འབྲོག་པ་དེ་ཧ་ཅང་དགའ་པོ་བྱུང་ནས་རང་གིས་དཀའ་ལས་བརྒྱབ་པར་འབྲས་བུ་སྨིན་པའི་སྣང་བ་བྱུང་ཡོད།

    འཁང་ར་མེད་པའི་སྲུང་སྐྱོབ་དེ་ལྟ་བུས་བུད་མེད་ཡོངས་བཤེར་རུ་ཁག་གི་དད་སེམས་བརྟན་དུ་སོང་བ་སྟེ། རིག་དངོས་ཡོངས་བཤེར་ནི་ལག་རྩལ་གྱི་ལས་དོན་ཞིག་ཡིན་པ་མ་ཟད། ཀྲུང་ཧྭའི་རིག་གནས་ལ་བློ་བརྟན་འགྱུར་མེད་ཀྱིས་སྲུང་སྐྱོབ་བྱེད་པ་ཞིག་ཀྱང་རེད།

    ཁོང་ཚོའི་ལས་ཀར་དགའ་བསུ་ཞུ་མཁན་དང་མེ་ཏོག་སྐྱེལ་མཁན་མེད་ཀྱང་། ཐལ་རྡུལ་གྱིས་སྦགས་པའི་པར་དང་། གནས་ཚད། གྲངས་གཞི་རེ་རེ་ལས་རིག་དངོས་ཡོངས་བཤེར་གྱི་ཐོ་འགོད་རེའུ་མིག་རེ་རེ་གྲུབ་ཡོད། ནམ་མཁའ་དང་ཐག་ཉེ་ཤོས་ཀྱི་ས་ཆ་དེར་ན་གཞོན་བུད་མེད་རྣམས་ཀྱིས་ལང་ཚོ་དང་སྙིང་རུས་ལ་བརྟེན་ནས་བྱང་ཐང་གི་གནའ་བོའི་ཤེས་རིག་སྲུང་བཞིན་ཡོད།

    ཁ་ཆར་བུ་ཡུག་ཁྲོད། བློ་རྩ་བརྟན་ཞིང་དཔའ་ངར་ཆེ་བའི་བུད་མེད་དེ་དག་གིས་རྗེས་ཤུལ་འཚོལ་བ་དང་སྲུང་སྐྱོབ་བྱེད་པའི་ལམ་བུར་ཞུགས་ཡོད། ཁོང་ཚོས་མུ་མཐུད་རྡོག་ཁྲེས་ཁྱེར་ནས་གྲོང་ཚོ་རྗེས་མར་བསྐྱོད་པ་དང་རི་ཀླུང་རྗེས་མ་བརྒལ་རྒྱུ་ཡིན་ཞིང་། ཐོ་འགོད་བྱས་པའི་གནས་ཚད་དང་ཡི་གེ་དག་ནི་མི་རབས་རྗེས་མས་བྱང་ཐང་གི་མིའི་རིགས་ཀྱི་རྗེས་ཤུལ་ལ་འགྲེལ་བཤད་རྒྱག་པའི་འགག་རྩའི་གསང་གྲངས་ཤིག་ཏུ་འགྱུར་རྒྱུ་ཡིན་པ་དང་། ཁོང་ཚོའི་སྙིང་སྟོབས་དེ་རིགས་རིག་དངོས་རེ་རེ་དང་བསྟུན་ནས་གནའ་བོའི་བརྗིད་ཉམས་ལྡན་པའི་ས་ཆ་དེའི་ཐོག་བརྐོ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།