གཞིས་རྩེ་གྲོང་ཁྱེར་གྱི“དྲུག་དྲུག་གླིང་ཁའི་འཛད་སྤྱོད་ཟླ་བའི”འགྲེམས་ཚོང་བྱེད་སྒོ་སྤེལ་འགོ་ཚུགས་པ།
ཉེ་ཆར། གཞིས་རྩེ་གྲོང་ཁྱེར་མི་དམངས་སྲིད་གཞུང་དང་ཧྲང་ཧའེ་ཡི་བོད་སྐྱོར་ལས་བྱེད་པ་ཁག་བཅུ་པ་དང་ཤེས་ལྡན་མི་སྣའི་འབྲེལ་གཏུག་ཚོགས་ཆུང་གིས་མཉམ་དུ་གཉེར་བའི་གཞིས་རྩེ་གྲོང་ཁྱེར་གྱི“དྲུག་དྲུག་གླིང་ཁའི་འཛད་སྤྱོད་ཟླ་བའི”འགྲེམས་ཚོང་བྱེད་སྒོ་སྐབས་གཉིས་པ་དངོས་སུ་སྤེལ་འགོ་ཚུགས་པ་རེད།
ཧྲང་ཧའེ་གྲོང་ཁྱེར་གྱི“ལྔ་ལྔ་ཉོ་སྒྲུབ་དུས་ཆེན”དང་འདྲ་བར་བོད་སྐྱོར་འབྲེལ་གཏུག་ཚོགས་ཆུང་གིས“ཧྲང་ཧའེ་ཡི་ལྔ་ལྔ་ཉོ་སྒྲུབ་དུས་ཆེན”གྱི་འཛད་སྤྱོད་རྣམ་པ་གསར་པའི་ཉམས་མྱོང་ལ་སློབ་སྦྱོང་བྱས་ཏེ། གཞིས་རྩེའི་འཛད་སྤྱོད་རྣམ་པ་གསར་པ་གཏོད་པར་འབད་བརྩོན་དང་། གཞིས་རྩེའི་འཛད་སྤྱོད་ཁྲོམ་རའི་གསོན་ཤུགས་འཕེལ་བ། ཡུལ་འདི་གའི་རླངས་འཁོར་འགྲེམས་སྟོན་ཆེ་གྲས་དང་། རོལ་རྩེད། ཞིམ་ཟས། ས་གནས་ཁག་གི་ཁྱད་ལྡན་ཐོན་རྫས་བཅས་ནང་འདྲེན། གཞིས་རྩེའི་མི་རིགས་ཁག་གི་མང་ཚོགས་ཀྱི་འཛད་སྤྱོད་དགོས་མཁོ་དེ་བས་ཕུན་སུམ་ཚོགས་སུ་བཏང་བ། ཧྲང་ཧའེ་དང་བོད་ལྗོངས་གཉིས་དབར་གྱི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་བཏང་ཡོད།
ད་ཐེངས་ཀྱི་བྱེད་སྒོ་ཇོ་མོ་གླང་མ་རིག་གནས་བསམ་བཀོད་གླིང་ཁུལ་གྱི་ཡུལ་སྐོར་ཞབས་ཞུའི་ལྟེ་གནས་སུ་སྤེལ་ཞིང་། ཡུལ་སྐོར་བ་ཚོར་བོད་ཀྱི་རིག་གནས་གསོན་ཉམས་དོད་པོས་ངོམས་སྟོན་བྱས་པ་དང་སྦྲགས། གཞིས་རྩེའི་ཁྱད་ལྡན་ཐོན་རྫས་ཀྱི་སྐད་གྲགས་ཆོད་ཚད་དང་མིང་གྲགས་ཆེ་རུ་ཤུགས་ཆེན་བཏང་སྟེ། གཞིས་རྩེའི་འཛད་སྤྱོད་ཁྲོམ་ར་འཁྲུག་ཆ་དོད་དུ་དང་ཐོན་ལས་འཕེལ་རྒྱས་ལ་སྔར་བས་སྐུལ་འདེད་བཏང་ཡོད། བསྡོམས་རྩིས་བྱས་པར་གཞིགས་ན། འགྲེམས་ཚོང་བྱེད་སྒོའི་ཉིན་དང་པོར་ཕྱིར་ཚོང་དངུལ་འབོར་སྒོར་ཁྲི་160ལྷག་ཙམ་ཟིན་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་བྱེད་སྒོ་ཟླ་6ཚེས་21ནས་ཟླ་6ཚེས་30ཉིན་བར་སྤེལ་རྒྱུ་ཡིན་པ་དང་། རླངས་འཁོར་དང་། ཚོང་ཟོག ཞིམ་ཟས། རོལ་རྩེད་བཅས་ཁྱོན་འགྲེམས་ཁུལ་བཞི་བཙུགས་པར། ཚོང་དུད་145དང་ཐོན་རྫས་སྣ་ཁ་220ལྷག་ཙམ་འགྲེམས་ཚོང་ནང་ཞུགས་ཡོད་པ་རེད།