ཉིང་ཁྲི་གྲོང་ཁྱེར་རྫ་ཡུལ་རྫོང་མགོ་ལ་ཤང་གིས་བྱ་ཐབས་སྣ་མང་སྤྱད་དེ་དབྱར་རྩྭ་དགུན་འབུ་འཐུ་སའི་བདེ་འཇགས་ལ་འགན་ལེན་བྱས་པ།
འདི་ནི་མགོ་ལ་ཤང་གི་ལས་དོན་པས་དབྱར་རྩྭ་དགུན་འབུ་འཐུ་སར་མང་ཚོགས་ལ་ཁྲིམས་ལུགས་དང་དམངས་ཕན་སྲིད་ཇུས་སྒྲོག་འགྲེལ་བྱེད་བཞིན་པ།
ཉེ་ཆར། བོད་རང་སྐྱོང་ལྗོངས་ཉིང་ཁྲི་གྲོང་ཁྱེར་རྫ་ཡུལ་རྫོང་མགོ་ལ་ཤང་གིས་འབྲེལ་ཡོད་ཚན་པ་སྒྲིག་འཛུགས་བྱས་ནས་དབྱར་རྩྭ་དགུན་འབུ་འཐུ་སར་སྲིད་ཇུས་དྲིལ་བསྒྲགས་དང་། སྨན་བཅོས་ཞབས་ཞུ། མངོན་མེད་རྐྱེན་ངན་གྲལ་བཤེར་བཅས་བྱེད་པར་བསྐྱོད་དེ། དབྱར་རྩྭ་དགུན་འབུ་འཐུ་རིང་གི་བདེ་འཇགས་དང་བརྟན་ལྷིང་ལ་འགན་ལེན་བྱས་པ་རེད། བྱེད་སྒོ་སྤེལ་རིང་། འབྲེལ་ཡོད་མི་སྣས་གོ་བདེ་ཤེས་སླའི་སྐད་ཆའི་ཐོག་ནས་ཁྲིམས་ལུགས་རྒྱུན་ཤེས་ཁྱབ་གདལ་དང་དྲིལ་བསྒྲགས་དང་། རང་བྱུང་གནོད་འཚེ་དང་འགྲིམ་འགྲུལ་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ཕྱོགས་ཡོངས་ནས་གྲལ་བཤེར། “སྦག་ཞྭ་གཅིག་དང་སྲུང་ཐག་གཅིག”གི་བདེ་འཇགས་ཀྱི་འགོག་སྲུང་བྱ་ཐབས་གཙོ་གནད་ཐོག་དྲིལ་བསྒྲཌ། མང་ཚོགས་ལ་ཁ་བསླུས་ལ་ངོ་རྒོལ་བྱེད་པའི་APPཕབ་རོགས་དང་སྤྱོད་སྟངས་བསླབས་པ། མང་ཚོགས་ལ་རྒྱུན་སྤྱོད་སྨན་སྤྲད་པ་དང་ཁྲག་ཤེད་མཐོ་བའི་ནད་སོགས་གཅོང་ནད་འགོག་བཅོས་ཀྱི་ཤེས་བྱ་ཁྱབ་གདལ་བཏང་བ། ཞིབ་བཤེར་ས་ཚིགས་བཙུགས་ནས་ཆ་འཕྲིན་ཞིབ་བཤེར་ཐོ་འགོད་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས། ཁྲིམས་འགལ་ངང་དབྱར་རྩྭ་དགུན་འབུ་འཐུ་བའི་བྱེད་སྤྱོད་གཏན་འགོག་ནུས་ལྡན་བྱས་པ་དང་། བྱ་ཐབས་སྣ་མང་སྤྱད་དེ་དབྱར་རྩྭ་དགུན་འབུ་འཐུ་སའི་བདེ་འཇགས་ལ་འགན་ལེན་བྱས་པ་རེད།