མ་ཡུམ་གཙང་པོ་སླར་གསོའི་བྱ་སྤྱོད་ལ་དུས་མཚམས་རང་བཞིན་གྱི་ཕན་འབྲས་ཐོན་པ།
ཆུ་བེད་པུས་མ་ཡུམ་གཙང་པོའི(མཚེའུ)དཔེ་མཚོན་17བདམས་པ།
ཆུ་བེད་པུས་མ་ཡུམ་གཙང་པོ་སླར་གསོའི་བྱ་སྤྱོད་ཀྱི་དཔེ་མཚོན་སྒྲིག་འཛུགས་བྱས་ནས་བསྡུ་རུབ་བྱས་ཤིང་། ཉེ་ཆར་མ་ཡུམ་གཙང་པོའི(མཚེའུ)དཔེ་མཚོན་17བདམས་ཐོན་བྱུང་ཡོད།
དེའི་ནང་ཆུ་བེད་པུའུ་མཚོ་གཙང་ཆུ་བེད་ཨུ་ལྷན་གྱིས་པེ་ཅིང་དང་། ཐེན་ཅིན། ཧོ་པེ། ཧྲན་ཤིས་བཅས་ཞིང་ཆེན(གྲོང་ཁྱེར)4དང་དེ་བཞིན་འབྲེལ་ཡོད་ཕྱོགས་ཁག་དང་མཐུན་སྦྱོར་ཧུར་ཐག་བྱས་ཏེ། འབབ་རྒྱུད་བཅོས་སྐྱོང་དོ་དམ་བྱེད་སྟངས་གསར་པ་གསར་གཏོད་བྱས་པ་དང་། ཡུང་ཏིང་གཙང་པོ་བརྒྱུད་རིམ་ལྡན་པའི་སྒོ་ནས་བཅོས་སྐྱོང་བྱེད་པར་སྐུལ་འདེད་ཏན་ཏིག་བཏང་བ། རྒྱུན་འབབ་ཆུ་བོ་དང་། ལྗང་མདོག་ཆུ་བོ། དྭངས་གཙང་ཆུ་བོ། བདེ་འཇགས་ཆུ་བོ་བཅས་དམིགས་ཡུལ་དུ་བྱས་ནས་མ་འཇོག་བྱེད་པོ་གཞི་གཅིག་ཅན་གྱིས་འབབ་རྒྱུད་བཅོས་སྐྱོང་གཞི་གཅིག་ཅན་ལ་སྐུལ་ཁྲིད་བྱེད་པའི་གཙང་པོ་དང་མཚེའུ་ཡི་སྐྱེ་ཁམས་སླར་གསོ་བྱེད་སྟངས་གསར་པ་འཚོལ་ཞིབ་བྱས་ཏེ་བཟོས་ཡོད། ཐེན་ཅིན་གྲོང་ཁྱེར་གྱིས་ཆི་ལི་མཚོའི་སྐྱེ་ཁམས་ཁོར་ཡུག་སླར་གསོ་བྱ་རྒྱུར་སྐུལ་འདེད་ཧུར་ཐག་བཏང་བས། སྐྱེ་ཁམས་ཀྱི་ཆུ་ཁ་རྒྱུན་འཁྱོངས་ནུས་ལྡན་ཐུབ་པ་དང་སྐྱེ་དངོས་ཀྱི་སྣ་མང་རང་བཞིན་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་ཕྱིན་ཡོད། ཧོ་ནན་ཞིང་ཆེན་ཤིན་དབྱང་གྲོང་ཁྱེར་གྱིས་ཆུའི་ཐོན་ཁུངས་དང་། ཆུའི་ཁོར་ཡུག ཆུའི་སྐྱེ་ཁམས་བཅས་བཅོས་སྐྱོང་བྱེད་པར་སྤྱི་འདོམས་བསམ་གཞིག་བྱས་ཏེ། ཧྲེ་ཧོ་ཆུ་བོའི་འབྲེལ་མཐུད་རང་བཞིན་སླར་གསོ་ཡོང་བར་བྱས་པས་ཆུ་ལམ་ལ་ཆུ་ཡོད་པའི་རྣམ་པ་རྒྱུན་འཁྱོངས་ཐུབ་ཡོད།
2022ལོའི་ཚུན་དུ། ཆུ་བེད་པུས་ཆུ་ལམ་གྱི་ཆུ་རྒྱུན་ཆད་པ་དང་མཚེའུ་ཆུང་དུ་འགྲོ་བ་དང་སྐམ་པ་སོགས་ཀྱི་གནད་དོན་ལ་དམིགས་ནས། རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ་སྔོན་ལ་གཙང་པོ(མཚེའུ)88བདམས་ནས་མ་ཡུམ་གཙང་པོ་སླར་གསོ་བྱེད་པའི་བྱ་སྤྱོད་སྤེལ་ཡོད།
ས་གནས་ཁག་གིས“གཙང་པོ་གཅིག་ལ་ཐབས་ཇུས་གཅིག”དང“མཚེའུ་གཅིག་ལ་ཐབས་ཇུས་གཅིག”གི་བཅོས་སྐྱོང་ཉམས་གསོའི་ཇུས་གཞི་གཏན་འབེབས་ལག་བསྟར་བྱས་ཤིང་། ཐོག་མའི་ཆུའི་དབང་ཆ་བགོ་བཤའ་དང་། སྐྱེ་ཁམས་རྒྱུག་ཚད་ལ་ལྟ་འདོམས། ཆུའི་ཐོན་ཁུངས་བཀོད་གཏོང་། ཆུ་ལམ་བཅོས་སྐྱོང་། ཆུ་རྒྱུད་སྦྲེལ་མཐུད་སོགས་ཕྱོགས་བསྡུས་བྱེད་ཐབས་ལ་ཤུགས་སྣོན་བརྒྱབ་པ་བརྒྱུད། མ་ཡུམ་གཙང་པོ་སླར་གསོའི་བྱ་སྤྱོད་ལ་དུས་མཚམས་རང་བཞིན་གྱི་ཕན་འབྲས་ཐོན་ཡོད། 2024ལོར་གཙང་པོ(མཚེའུ)88ཀྱི་ཁྲོད་ནས་74ཕྱོགས་ཡོངས་ནས་སྦྲེལ་མཐུད་ཐུབ་པ་དང་། གཙང་པོ་5ལ་ཆུ་ཡོད་ལ་ཆུ་བོ་རྒྱུག་ཡུན་རིང་དུ་ཕྱིན་པ། མཚེའུ་9ཡི་སྐྱེ་ཁམས་ཆུ་ཁ་འགན་ལེན་ནུས་ལྡན་ཐུབ་ཡོད།