མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེས་བརྗོད་དོན།
ཨ་རིས་དབྱི་རན་ལ་འཇབ་རྒོལ་བྱས་ནས་རྒྱལ་སྤྱིའི་ཞི་བདེ་དང་བདེ་འཇགས་ལ་ཐད་ཀར་འཇིགས་སྐུལ་བཟོས་ཡོད།
ཤིན་ཧྭ་གསར་འགྱུར་ཁང་མཉམ་འབྲེལ་རྒྱལ་ཚོགས་ནས་གློག་འཕྲིན་འབྱོར་གསལ། ཚེས་21ཉིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཀུ་ཐེ་ལེ་སིས། ཨ་རིས་ཉིན་དེར་དབྱི་རན་གྱི་ཉིང་རྡུལ་སྒྲིག་བཀོད་ལ་དམག་དོན་རྡུང་རྡེག་བཏང་བ་དེ་ནི་ས་ཁུལ་དུས་བབ་ཀྱི“ཉེན་ཁ་ཚབས་ཆེ་རུ་བཏང་བ”ཞིག་ཡིན་ལ། རྒྱལ་སྤྱིའི་ཞི་བདེ་དང་བདེ་འཇགས་ལ“ཐད་ཀར་འཇིགས་སྐུལ”བཟོས་ཡོད་ཅེས་བརྗོད།
ཉིན་དེར་འབྲེལ་ལམ་སྨྱན་སྦྱོར་ཐོག་ཀུ་ཐེ་ལེ་སིས། ཨ་རིས་དབྱི་རན་ལ་དྲག་ཤུགས་སྤྱད་པར་ང་རང“རྦད་དེ་ཧང་སངས་བྱུང་། དེས་མ་གཞི་ནས་ཉེན་ཁའི་མཚམས་སུ་གནས་པའི་ས་ཁུལ་གྱི་དུས་བབ་ཉེན་ཁ་ཚབས་ཆེ་རུ་བཏང་བ་མ་ཟད། རྒྱལ་སྤྱིའི་ཞི་བདེ་དང་བདེ་འཇགས་ལ་ཐད་ཀར་འཇིགས་སྐུལ་ཡང་བཟོས་ཡོད”ཅེས་འཁོད་ཡོད།
ཁོང་གིས་ད་དུང“གདོང་གཏུག་དེ་ལས་ཚོད་འཛིན་མགྱོགས་མྱུར་ཤོར་བའི་ཉེན་ཁ་ཉིན་རེ་བཞིན་ཇེ་ཆེར་འགྲོ་ཡི་ཡོད་པས། མི་སེར་དང་། ས་ཁུལ། འཛམ་གླིང་ཡོངས་བཅས་ལ་གནོད་འཚེའི་རང་བཞིན་གྱི་མཇུག་འབྲས་བཟོ་སྲིད”ཅེས་བརྗོད་ཡོད།
ཀུ་ཐེ་ལེ་སིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོངས་མིའི་རྒྱལ་ཁབ་ལ་དུས་བབ་ཞི་ལྷོད་དུ་བཏང་ནས《མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་འཛིན》དང་དེ་བཞིན་རྒྱལ་སྤྱིའི་ཁྲིམས་སྲོལ་གཞན་དག་གི་གཏན་འབེབས་གཞིར་བཟུང་སོ་སོས་འཁུར་དགོས་པའི་འོས་འགན་ལག་བསྟར་བྱ་རྒྱུའི་ལྕག་སྐུལ་གནང་བ་རེད།
ཁོང་གིས། ཉེན་ཁ་དང་ཛ་དྲག་གི་སྐབས་འདིར། ཟང་ཟིང་ཚབས་ཆེར་མི་འགྲོ་བར་བྱ་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེན་པོ་ཡིན་ཞེས་བརྗོད་པ་མ་ཟད། “དམག་དོན་གྱི་ཐག་གཅོད་ཇུས་གཞི་མེད། ཐབས་ལམ་འབའ་ཞིག་ནི་ཕྱི་འབྲེལ་ཡིན། རེ་བ་འབའ་ཞིག་ནི་ཞི་བདེ་ཡིན”ཞེས་ནན་བཤད་ཀྱང་གནང་བ་རེད།