དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • ཁམ་བུའི་མེ་ཏོག་དུས་ཆེན་དང་བསྟུན་ནས་ཁྲལ་བསྡུའི་སྲིད་ཇུས་འགྲེལ་བཤད་བརྒྱབ་པ།

    ཉིང་ཁྲི་གྲོང་ཁྱེར་ཁྲལ་དོན་ཁོངས་གཏོགས་ཀྱིས་ས་གནས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་རམ་འདེགས་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-06-25

    འདི་ནི་རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཁྲལ་དོན་ཅུས་ཀྱི“ཁྲལ་བསྡུའི་དྲིལ་བསྒྲགས་ཡན་ལག་རུ་ཆུང”གིས་ཁེ་ལས་ཀྱི་འགན་འཁུར་བར་ཁྲལ་བསྡུ་དང་འབྲེལ་བ་ཡོད་པའི་དོགས་གནད་ལ་ལན་རྒྱག་བཞིན་པ།

    སྐྱེ་དངོས་ཐམས་ཅད་ལ་གསོན་ཤུགས་རྒྱས་པའི་མཛེས་ལྡན་དུས་ཚིགས་སུ་ཉིང་ཁྲིའི་ཁྲལ་དོན་ཁོངས་གཏོགས་ཀྱིས་རྒྱལ་ཡོངས་ཀྱི་ཁྲལ་བསྡུའི་དྲིལ་བསྒྲགས་ཟླ་བ་34པའི“ཁྲལ་བསྡུ། ཁྲིམས་སྐྱོང་། གཞུང་དྲང”བཅས་ཀྱི་བརྗོད་དོན་གཙོ་བོར་དམིགས་ནས་ཁྱད་ལྡན་བྱེད་སྒོ་རབ་དང་རིམ་པ་སྤེལ་ཏེ་ཁྲལ་བསྡུའི་ཞབས་ཞུ་དང་ས་གནས་ཀྱི་དཔལ་འབྱོར་ཟུང་འབྲེལ་དམ་ཟབ་བྱས་ནས་ས་གནས་ཀྱི་འཕེལ་རྒྱས་ལ་སྒུལ་ནུས་བསྣན་ཡོད།

    ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་བུ་ཆུ་ཤང་རྡོ་སྟེང་གྲོང་ཚོའི་ཁམ་བུའི་མེ་ཏོག་གླིང་གི་མུའུ་ཁྲིའི་ཁམ་བུའི་མེ་ཏོག་གི་འདབ་བརྒྱ་ལྷུག་པོར་གྲོལ་ཏེ་ཕྱོགས་བཞི་མཚམས་བརྒྱད་ཀྱི་ཡུལ་སྐོར་བ་མཚར་སྡུག་རྣམ་པར་བཀྲ་བའི་དཔྱིད་ཉམས་ལ་ལྟ་བར་ཡོང་རྒྱུའི་ཡིད་དབང་བཀུག་པ་དང་བསྟུན་ནས“ཁམ་བུའི་མེ་ཏོག་དཔལ་འབྱོར”གྱི་དམངས་སྲོལ་གནས་ཚང་གི་ཁང་པ་རག་དཀའ་བ་དང་། ཤ་མོ་དང་བོད་ཕག་གི་མངགས་ཐོ་ལྡབ་འཕར་བྱུང་བ། མངོན་མིན་རིག་གནས་ཤུལ་བཞག་ཀོང་པོའི་བི་ཤུའི་ཉམས་ལེན་ར་བར་མི་ཚོགས་ཀྱིས་ཁེངས་པ་བཅས་བྱུང་ཡོད། དེར་བརྟེན་རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཁྲལ་དོན་ཅུས་ཀྱིས“ཁྲལ་བསྡུའི་དྲིལ་བསྒྲགས་ཡན་ལག་རུ་ཆུང”བཙུགས་ནས་ཁམ་སྡོང་གི་གསེབ་ཏུ་བསྐྱོད་དེ་ཁྲལ་བསྡུ་དང་འབྲེལ་བ་ཡོད་པའི་དོགས་གནད་ལ་ལན་བཏབ་ཡོད།

    གངས་ལྗོངས་ཀྱི་ཀུ་ཤུ་དང་། ཉང་ཆུའི་བ་གླང་། སྦེ་པའི་བོད་སྒོང་བཅས་ཁྱད་ལྡན་ཞིང་ལས་ཐོན་རྫས་ཀྱི་ཕྱིར་ཚོང་དུད་ཚང་ལ་དམིགས་ནས་ཁྲལ་དོན་ལས་བྱེད་པས་ཞིང་ལས་ཐོན་རྫས་ཀྱི་ཁྲལ་གཅོག་སྲིད་ཇུས་དང་དེ་བཞིན་དྲ་ཐོག་ཚོང་དོན་གྱི་སྤ་སེ་འབྲི་བའི་ཐབས་ཤེས་འགྲེལ་བཤད་ཞིབ་ཕྲ་བརྒྱབ་སྟེ་ཞིང་འབྲོག་མང་ཚོགས་ལ་སྙིང་ཉེ་བའི་རོགས་སྐྱོར་བྱས་ཡོད།

    དེ་དང་ཆབས་ཅིག རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཁྲལ་དོན་ཅུས་ཀྱིས་ཁྲོམ་འདོན་མཁན་ལ་རིགས་ཁག་གི་ཁྲལ་གྲོན་གྱི་གཟིགས་སྐྱོང་སྲིད་ཇུས་ཀྱི་དྲིལ་བསྒྲགས་དཔྱད་ཡིག་སྤྲད་དེ་བོད་སྐད་བརྒྱབ་ནས“གཙོ་གནད་ཚོགས་སྤྱིའི་ལས་གཏོད་ལས་ཞུགས་ཀྱི་ཁྲལ་བསྡུའི་གཟིགས་སྐྱོང”གསལ་འགྲེལ་བྱས་ཏེ་དབང་པོ་སྐྱོན་ཅན་གྱི་ལས་ཞུགས་འབབ་འཕར་ལ་རམ་འདེགས་བྱས་ཡོད། “ཀོང་ཆས་དང་ཀོ་ཁུག་དེ་དག་ཚང་མ་གྲོང་ཚོའི་དབང་པོ་སྐྱོན་ཅན་ཚོས་བཙེམས་པ་ཤ་སྟག་རེད”ཁམ་བུའི་མེ་ཏོག་གི་ཚོང་འདུས་ཆུང་ངུར་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཀྱི་གོས་ཆེན་བོད་ཆས་མངགས་བཟོའི་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་གི་འགན་འཁུར་བ་ཉི་མ་བཀྲ་ཤིས་ཀྱིས་ཁྲལ་དོན་ལས་བྱེད་པར་རང་ཉིད་ཀྱི་ཐོན་རྫས་སྟོན་བཞིན་ཡོད། ཁྲལ་དོན་ལས་བྱེད་པས་བོད་སྐད་བརྒྱབ་ནས“གཙོ་གནད་ཚོགས་སྤྱིའི་དཔྱ་ཁྲལ་ཆག་ཡང་དང་རྩ་ཆག”གི་སྲིད་ཇུས་གསལ་འགྲེལ་བྱས་ཏེ་མཉམ་ལས་ཁང་གིས་དབང་པོ་སྐྱོན་ཅན་ལས་མིར་བསྡུས་ན་གནས་ཐང་འཕར་ཁྲལ་དང་ཐོབ་ཁྲལ་སོགས་གཟིགས་སྐྱོང་སྣ་ཚོགས་ལོངས་སྤྱོད་བྱེད་ཆོག་གི་ཡོད་ཅེས་ཁོང་ལ་བརྗོད། ཉི་མ་བཀྲ་ཤིས་ཀྱིས“སྲིད་ཇུས་ཀྱིས་མི་སེམས་ལ་དྲོ་སྐྱིད་སྦྱིན་ཡོད་ལ་ང་ཚོའི་མཉམ་ལས་ཁང་གི་འཕེལ་རྒྱས་ལའང་གདེང་ཚོད་སྤྲད་བྱུང་། ཆག་ཡང་དང་རྩ་ཆག་བཏང་བའི་ཁྲལ་དངུལ་དག་ང་ཚོས་ཐོན་སྐྱེད་ཀྱི་གཞི་ཁྱོན་ཆེ་རུ་གཏོང་བར་སྤྱད་དེ་ཐོན་རྫས་རྒྱལ་ཡོངས་ཀྱི་ས་གནས་ཁག་ཏུ་འཚོང་གི་ཡིན”ཞེས་དགའ་སྤྲོའི་ངང་བཤད། མཉམ་ལས་ཁང་གིས་བཙོངས་པའི་བོད་བཟོའི་སྐེ་རགས་དང་བོད་བཟོའི་ལྟོ་ཕད་ཉིང་ཁྲིའི་ཁམ་བུའི་མེ་ཏོག་གི་ཡུལ་སྐོར་རིག་གནས་དུས་ཆེན་སྐབས་ཉེར་གཉིས་པའི“དྲ་ཐོག་གྲགས་ཅན་གྱི་ཁྱད་ལྡན་ཐོན་རྫས”སུའང་གྱུར་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།