ལྷ་སར་ཆུ་ཚོད་ཉེར་བཞིའི་བཟོ་ཚོགས་ཀྱི་གཅེས་སེམས་ས་ཚིགས་མང་དུ་ཕྱིན་པ།
ཉེ་ཆར་ལྷ་ས་གྲོང་ཁྱེར་མཐོ་གསར་ཁུལ་ཨའོ་ཐེ་ལའེ་སི་ཐང་ཆེན་གྱི་བཟོ་ཚོགས་ཀྱི་གཅེས་སེམས་ས་ཚིགས་ལས་མཇུག་འགྲིལ་ནས་ཞིབ་བཤེར་རྩིས་ལེན་བདེ་བླག་བྱུང་བ་དང་འབྲེལ་དངོས་སུ་སྤྱོད་འགོ་ཚུགས་ཡོད། དེ་ནི་ལྷ་ས་གྲོང་ཁྱེར་གྲོང་ཤར་སྐུ་འབུམ་ཐང་ལམ་གྱི་ལྗོངས་ཡོངས་ཀྱི་བཟོ་ཚོགས་ཀྱི་ཆུ་ཚོད་24རིང་གི་བརྩེ་སེམས་ས་ཚིགས་དང་པོ་བསྐྲུན་རྗེས་ཀྱི་ལྷ་ས་གྲོང་ཁྱེར་སྤྱི་ཁྱབ་བཟོ་ཚོགས་དང་མཐོ་གསར་ཁུལ་སྤྱི་ཁྱབ་བཟོ་ཚོགས་ཀྱིས་མཉམ་དུ་བསྐྲུན་པའི་ལྷ་ས་གྲོང་ཁྱེར་གྱི་ཆུ་ཚོད་24རིང་གི་བཟོ་ཚོགས་ཀྱི་གཅེས་སེམས་ས་ཚིགས་གཉིས་པ་དེ་ཡིན་ཞིང་། དེས་ཕྱི་རོལ་དུ་དཀའ་སྤྱད་ལས་ཀ་བྱེད་མཁན་ངལ་རྩོལ་པར་སྐྱིད་སྣང་དོད་ཅིང་སྟབས་བདེ་བའི་ངལ་གསོ་ཡུལ་ཞིག་མཁོ་འདོན་བྱས་ཡོད།
ས་ཚིགས་དེའི་ཁྱད་ཆོས་ཆེ་ཤོས་ནི་ཉིན་མཚན་དབྱེར་མེད་དུ་སྒོ་ཕྱེ་བ་དང་འབྲེལ“རིག་ནུས་ཅན་གྱི་དོ་དམ་དང་གྲངས་འཛིན་ཅན་གྱི་ཞབས་ཞུ”མངོན་འགྱུར་བྱུང་ཡོད། མཚན་གུང་ཡིན་ནའང་འདྲ་ཡང་ན་ཐོ་རེངས་ཡིན་ཡང་རུང་། མྱུར་སྐྱེལ་པ་དང་། མངགས་སྐྱེལ་པ། ཡང་ན་ལས་གནས་བརྟན་སྲུང་བྱེད་མཁན་ཁོར་ཡུག་གཙང་སྦྲ་བ། དྲ་འབོད་རླངས་འཁོར་གྱི་ཁ་ལོ་བ་སོགས་ཕྱི་རོལ་ངལ་རྩོལ་པས་ངོ་གདོང་བཤར་འབེབས་བྱེད་པའམ་ཡང་ན་ལག་ཐོགས་ཁ་པར་ཨང་གྲངས་ནང་འཇུག་བྱས་ན། སྟབས་བདེའི་ངང་ས་ཚིགས་སུ་འཛུལ་ཐུབ་ནས་ལྷིང་འཇགས་དང་སྐྱིད་སྣང་དོད་པའི་སྡོད་གནས་ལོངས་སུ་སྤྱོད་ཐུབ། ཞབས་འདེགས་ཞུ་སྟངས་དེ་རིགས་ལས་བཟོ་ཚོགས་ཀྱིས་ཕྱི་རོལ་ངལ་རྩོལ་པའི་ཚོགས་སྤྱིར་ཐུགས་ཁུར་ཟབ་མོ་བྱེད་པ་མཚོན་གྱི་ཡོད།