ཝུའུ་ཧན་བོད་སྐྱོར་ལས་དོན་རུ་ཁག་གིས།
རྒུན་འབྲུམ་ཐོན་ལས་འཕེལ་རྒྱས་ཆེན་པོ་གཏོང་བར་རམ་འདེགས་བྱས་པ།
ཉེ་ཆར། ཝུའུ་ཧན་གྲོང་ཁྱེར་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་བཅུ་པས་སྐུལ་འདེད་བཏང་བ་བརྒྱུད། སྣེ་གདོང་ཆུས་ཀྱི་སྒོ་རའི་དཔལ་འབྱོར་འཕེལ་རྒྱས་ལ་ཚད་བརྒལ་གསར་པ་བྱུང་བ་དང་། རྒུན་འབྲུམ་ཐོན་ལས་གྲོང་གསེབ་དར་རྒྱས་ཀྱི“སྒུལ་ཤུགས་གསར་པར”གྱུར་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། སྣེ་གདོང་ཆུས་ཀྱི་གནམ་གཤིས་རྒུན་འབྲུམ་འདེབས་འཛུགས་བྱེད་པར་ཧ་ཅང་འཚམ་པོ་ཡོད་པས། ཝུའུ་ཧན་བོད་སྐྱོར་དཔུང་ཁག་གིས་བརྟག་དཔྱད་ཞིབ་འཇུག་བྱས་པ་བརྒྱུད། སྣེ་གདོང་ཆུས་སྐྱེད་པ་ཤང་གི་ཡུལ་མིར་གྲང་འགོག་ནད་འགོག་གི་རྒུན་འབྲུམ་ཤིང་སོན་དང་རྫས་ལུད་རིན་མི་དགོས་པར་སྤྲད་པ་མ་ཟད། བོད་སྐྱོར་ལག་རྩལ་རིགས་གཅིག་མཁས་ཅན་གྱིས་ཚན་རིག་དང་མཐུན་པའི་འདེབས་འཛུགས་ཇུས་གཞི་བཟོས་པ་དེའི་ནང་འཁྱགས་འགོག་དང་ཆུ་གྲོན་ཆུང་གི་ཆུ་འདྲེན་སོགས་ཀྱི་ལག་རྩལ་ཚུད་པས་རྒུན་འབྲུམ་གསོན་ཚད་དང་རྒུན་འབྲུམ་གྱི་སྤུས་ཚད་ལ་འགན་ལེན་བྱས་པ་རེད།
བོད་སྐྱོར་ཁེ་ལས་ཡཱ་དབྱིང་ཞིང་ལས་ཀྱིས་ན་ནིང་རྒུན་འབྲུམ་མུའུ་100ཚོད་འདེབས་བྱས་ནས་རྒུན་ཆང་བསྙལ་བ་མ་ཟད། རྒུན་ཆང་རྩེ་གྲ་སྙོལ་བར་འཚམ་པའི་རྒུན་འབྲུམ་གྱི་སྣ་ཁ་ཡང་འདེབས་གསོ་བྱས་པ་རེད། རྣམ་གྲངས་དེར“ཁེ་ལས་དང་། རྟེན་གཞི། ཞིང་དུད”བཅས་ཟུང་དུ་འབྲེལ་བའི་རྣམ་པ་སྤྱད་དེ་ས་གནས་དེ་གའི་ཡུལ་མིར་ཤིང་སོན་དང་། རྫས་ལུད། ལག་རྩལ་བཅས་ཀྱི་རྒྱབ་སྐྱོར་བྱས་པའི་ཁར་མ་རྩ་འགན་ལེན་གྱི་རིན་གོང་ཐོག་ནས་རྒུན་འབྲུམ་ཉོ་སྒྲུབ་བྱས་པ་རེད། སྐྱེད་པ་ཤང་གི་ཡུལ་མི་དུད་ཚང་100ལྷག་ཙམ་གྱིས་སྒོ་རའི་འདེབས་འཛུགས་ནང་ཞུགས་པ་དང་དུད་ཚང་རེས་ཆ་སྙོམས་སྡོང་རྐང་20ཡན་བཏབ་ཡོད། སྡོང་རྐང་གཅིག་གི་ལོ་རེའི་ཁེ་སྤོགས་སྒོར་80ཡན་ཟིན་པས་སྔོན་དཔག་བྱས་ན་དུད་ཚང་རེར་ལོ་རེར་ཆ་སྙོམས་ཡོང་འབབ་སྒོར་1600ལྷག་ཙམ་ཟིན་བཟོ་ཡོད།