ས་མཐོ་ཡང་མཐོའི་རྙོག་འཛིང་གནམ་གཤིས་ཀྱི་ཉེན་ཟོན་སྔོན་བརྡའི་ལག་རྩལ་གསར་གཏོད་ཀྱི་མཉམ་འབྲེལ་ཚོད་ལྟ་ཁང་གི་སྒོ་བྱང་བཀལ་བ།
ཉེ་ཆར། ལྷ་སའི་གོང་དཀར་རྒྱལ་སྤྱིའི་གནམ་ཐང་དུ་དམངས་སྤྱོད་མཁའ་འགྲུལ་བོད་ལྗོངས་ཁུལ་ཅུས་དང་ཀྲུང་གོ་ཚན་རིག་ཁང་ཧྲང་ཧའེ་འོད་རིག་གནད་འཕིགས་འཕྲུལ་ཆས་ཞིབ་འཇུག་ཁང་སོགས་སྡེ་ཚན་གྱིས་མཉམ་དུ་བསྐྲུན་པའི་ས་མཐོ་ཡང་མཐོའི་རྙོག་འཛིང་གནམ་གཤིས་ཀྱི་ཉེན་ཟོན་སྔོན་བརྡའི་ལག་རྩལ་གསར་གཏོད་ཀྱི་མཉམ་འབྲེལ་ཚོད་ལྟ་ཁང(གཤམ་དུ་མཉམ་འབྲེལ་ཚོད་ལྟ་ཁང་ཞེས་བསྡུ་རྒྱུ)གི་སྒོ་བྱང་བཀལ་ཞིང་། ཚན་རྩལ་གྱིས་མཐུན་རྐྱེན་སྦྱར་བའི་ས་མཐོ་ཡང་མཐོའི་མཁའ་འགྲུལ་བདེ་འཇགས་ཀྱི་ལེའུ་གསར་རྐྱང་ཞིག་རྩོམ་འགོ་ཚུགས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། མཉམ་འབྲེལ་ཚོད་ལྟ་ཁང་གིས་ས་མཐོ་ཡང་མཐོའི་རླུང་བུ་ལྡང་སར་ཞིབ་ཕྲའི་རྩད་ཞིབ་ཚད་ལེན་དང་ཉེན་ཁའི་གནམ་གཤིས་ཀྱི་སྐར་ཆ་རིམ་པའི་ཉེན་ཟོན་སྔོན་བརྡ་སོགས་ཀྱི་འགག་རྩའི་གནད་དོན་ལ་དམིགས་ཏེ། ལག་རྩལ་ཚད་བརྒལ་དང་། ལས་སྟེགས་འཛུགས་པ། རྣམ་གྲངས་སྙན་ཞུ། གྲུབ་འབྲས་གཞན་སྒྱུར། ཤེས་ལྡན་པ་གསོ་སྐྱོང་བཅས་ཀྱི་ཐད་མ་ལག་རང་བཞིན་གྱི་འགག་སྒྲོལ་བྱས་ནས། རང་བརྟེན་ཤེས་བྱའི་ཐོན་དབང་གི་ལག་རྩལ་མ་ལག་ཆགས་པ་དང་། ཚན་པ་སྒྲོལ་བའི་ཚན་ཞིབ་མཐུན་སྦྱོར་དང་གྲུབ་འབྲས་མཉམ་སྤྱོད་མངོན་འགྱུར་བྱུང་བ་མ་ཟད། རྣམ་པ་སྣ་ཚོགས་བརྒྱུད་ནས“ཡུན་གནས”ཀྱི་ས་མཐོ་ཡང་མཐོའི་གནམ་གཤིས་ཚན་རྩལ་ཤེས་ལྡན་པའི་དཔུང་ཁག་ཅིག་གཏོད་རྒྱུ་རེད།
སྒོ་བྱང་འགེལ་བའི་མཛད་སྒོའི་ཐོག་ཚན་པ་ཁག་གི་འཐུས་མིས་མཉམ་སྐྲུན་གྱི་གྲོས་མཐུན་ལ་མིང་རྟགས་བཀོད་ནས་གྲུབ་འབྲས་མཉམ་སྤྱོད་དང་ཉེན་ཁ་མཉམ་འཁུར་བྱས་ཏེ་ཕུགས་ཕན་མཉམ་ལས་ལམ་སྲོལ་འཛུགས་པ་དང་། མཉམ་འབྲེལ་ཚོད་ལྟ་ཁང་དེ“རྒྱལ་ཁབ་རིམ་པའི་ས་མཐོ་ཡང་མཐོའི་དམངས་སྤྱོད་མཁའ་འགྲུལ་གྱི་གཙོ་གནད་ཚོད་ལྟ་ཁང”དུ་བསྐྲུན་རྒྱུའི་ཁས་ལེན་དམ་བཅའ་བཞག་པ་རེད།