དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རིག་དཔལ་གྱིས་མི་སེམས་དྭངས་མ་གསོ། གྱེར་འདོན་གྱིས་བརྩེ་སེམས་བརྒྱུད་སྤྲོད་བྱེད།

    2025ལོའི“རིག་དཔལ་དར་བའི་བོད་ལྗོངས”ཀྱི་དམངས་ཡོངས་དཔེ་ཀློག་གི་མཉམ་སྡེབ་གྱེར་འདོན་འགྲན་བསྡུར་ཆེན་པོའི་མཐའ་བསྡུར་སྐོར་རགས་ཙམ་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-06-25

    འདི་ནི་ཆབ་མདོ་གྲོང་ཁྱེར་གྱི་འཐུས་མི་རུ་ཁག་འགྲན་བསྡུར་ལ་ཞུགས་བཞིན་པ།

    ཟླ་6ཚེས་20ཉིན་གྱི་ཕྱི་དྲོར། བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བ་དགའ་བས་བསུ་བའི་མཚམས་སུ། རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུས་གཙོ་གཉེར་བྱས་པ་དང་། རང་སྐྱོང་ལྗོངས་རིག་རྩལ་ལྷན་ཚོགས་ཀྱིས་གཉེར་འགན་ཁུར་བའི“རྟེན་འབྲེལ་ཆེ་མོ་བསུ། ཏང་གི་དྲིན་ལ་བསྟོད། མཉམ་དུ་འབད་འབུངས་བྱེད”ཅེས་པའི་2025ལོའི“རིག་དཔལ་དར་བའི་བོད་ལྗོངས”ཀྱི་དམངས་ཡོངས་དཔེ་ཀློག་གི་མཉམ་སྡེབ་གྱེར་འདོན་འགྲན་བསྡུར་ཆེན་པོའི་མཐའ་བསྡུར་རང་སྐྱོང་ལྗོངས་ལྷ་མོའི་སྒྱུ་རྩལ་ལྟེ་གནས་ཟློས་གར་ཁང་དུ་གཉེར་བ་རེད།

    མཐའ་བསྡུར་ལ་ཞུགས་མཁན་ཁྱོན་རུ་ཁག་12ཡོད་ཅིང་།  གྲོང་ཁྱེར་དང་ས་ཁུལ་བདུན་ནས་ལྗོངས་ཐད་གཏོགས་ལས་ཁུངས་བར་དང་། གཞུང་ཁོངས་ཁེ་ལས་ཀྱི་ལས་མི་ནས་ཁྲོམ་གཞུང་གི་ལས་དོན་པའི་བར། འགྲན་ཞུགས་རུ་ཁག་ཁག་གིས་འཁྲབ་སྟོན་གྱི་རྣམ་པར་ཇུས་འགོད་ཞིབ་ཚགས་བྱས་ཏེ། གྱེར་འདོན་དང་འཁྲབ་སྟོན་སོགས་རྣམ་པ་སྣ་ཚོགས་ཀྱི་ཐོག་ནས་རང་སོའི་ཁྱད་ཆོས་ལྡན་པའི་འཁྲབ་སྟོན་བྱས་པ་རེད།

    འགྲན་བསྡུར་གྱི་བརྒྱུད་རིམ་ཧྲིལ་པོ་དྲ་ཐོག་ནས་ཐད་གཏོང་བྱས་པ་དང་། ས་ཡུལ་དངོས་ཀྱི་རུ་ཁག་ཁག་གིས་རབ་ཏུ་འཁོལ་བའི་སྤྲོ་སེམས་དང་ངོ་མཚར་ཆེ་བའི་འཁྲབ་སྟོན་ལ་བརྟེན་ནས། ལྟད་མོ་བ་ཚོར་སྙན་འཇེབས་དང་བརྩེ་སེམས་ཀྱིས་ཕྱུག་པའི་རིག་རྩལ་སྟོན་མོ་གཟབ་རྒྱས་ཤིག་བཤམས་པ་རེད།

    ཆབ་མདོ་གྲོང་ཁྱེར་གྱི་འཐུས་མིའི་རུ་ཁག་གིས་སྔོན་ལ་འཁྲབ་སྟོན་བྱས་ཤིང་། ཁོང་ཚོས《མཁའ་ལམ་དུ་མེ་སྟག་གི་འོད་སྣང་འཕྲོ》ཞེས་པ་འཁྲབས་ནས་བོད་སྐྱོད་བུད་མེད་དམག་མི་ཚོའི་ལོ་70གོང་གི་འབད་འཐབ་རྣམ་པ་དང“ལམ་གཉིས”བསྐྲུན་པའི་བརྗེད་པར་དཀའ་བའི་ལོ་ཟླའི་གཏམ་རྒྱུད་བརྗོད་པ་རེད།

    མངའ་རིས་ས་ཁུལ་གྱི་འཐུས་མིའི་རུ་ཁག་གི་སློབ་ཆུང་སློབ་མ་ཚོས་ལས་རིགས་ཁག་གི་ལས་གོས་གྱོན་ནས《མཐའ་མཚམས་ལོ་ཆུང་གི་སེམས་པ་ཏང་ལ་ཕྱོགས》ཞེས་པ་མཉམ་དུ་གྱེར་འདོན་བྱས་ཤིང་། གྱེར་འདོན་དེ་ཁུང་ཧྥན་སེན་གྱི་ཁྱིམ་ཡིག་ཅིག་ནས་འགོ་ཚུགས་ཏེ་བོད་སྐྱོར་ལས་བྱེད་པས་ལེགས་སྐྱེས་ཕུལ་བའི་གཏམ་རྒྱུད་དང་བླ་ན་མེད་པའི་སྙིང་སྟོབས་བརྗོད་ཡོད། “ང་ཚོའི་ཀྲུང་གོའི་གཞོན་ནུ་དེ་འདྲའི་མཛེས་པ་ལ། ནམ་ཡང་གསོན་ཤུགས་རྒྱས། ང་ཚོའི་ཀྲུང་གོའི་གཞོན་ནུ་དེ་འདྲའི་བརྗིད་ཉམས་ལྡན་པ་ལ། རྒྱལ་ཁབ་དང་ནམ་ཡང་མཉམ་དུ་གནས”ཞེས་པའི་ཕྲུ་གུ་ཚོའི་གསོན་ཤུགས་རྒྱས་པའི་གྱེར་འདོན་ལས་འགྲན་བསྡུར་བྱ་ཡུལ་གྱི་རྣམ་པ་འཁྲུག་ཏུ་ཕྱིན་པ་རེད།

    འཐུས་མིའི་རུ་ཁག་ཁག་གི་བློ་གཅིག་སེམས་གཅིག་གི་འཁྲབ་སྟོན་ལ་ལྟད་མོ་བ་ཚོའི་ཡིད་དབང་རབ་ཏུ་འཕྲོག་ནས། ས་ཡུལ་དངོས་སུ་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་ཡང་ཡང་གྲགས་ཡོད། ལྟད་མོ་བ་དང་གཉེན་གྲོགས་ཚོགས་པས་འོད་རྒྱུག་གཡུག་གཡུག་བྱེད་བཞིན་དགའ་འབོད་དང་ངར་ཤུགས་བསླངས་ཤིང་། གྲོང་མི་སྒྲོལ་དཀར་གྱིས“རུ་ཁག་ཚང་མའི་འཁྲབ་སྟོན་ལ་ལྟ་རིན་ཆེན་པོ་བྱུང་། གྱེར་འདོན་ཆེད་ལས་ལྡན་པ་དང་། གཏམ་རྒྱུད་ཀྱིས་མི་སེམས་འགུལ་བ། འགྲན་བསྡུར་ལྟད་མོ་ཆེ་བ་བཅས་འདུག་པས། སླད་ཕྱིན་བྱེད་སྒོ་དེ་རིགས་མང་ཙམ་གཉེར་རྒྱུའི་རེ་བ་ཡོད”ཅེས་བརྗོད།

    འགྲན་བསྡུར་དྲག་པོ་བྱས་པ་བརྒྱུད། མཐར་མངའ་རིས་ས་ཁུལ་གྱི་འཐུས་མིའི་རུ་ཁག་ལ་ད་ཐེངས་ཀྱི་དམངས་ཡོངས་དཔེ་ཀློག་གི་མཉམ་སྡེབ་གྱེར་འདོན་འགྲན་བསྡུར་ཆེན་པོའི་བྱ་དགའ་ཨང་དང་པོ་ཐོབ་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།