དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ནམ་མཁའ་དང་ཐག་ཉེ་ཤོས་ཀྱི“སྤྲིན་རུམ་གྲོང་ཚོའི”འཕེལ་རྒྱས་ཀྱི་མན་ངག

    མཐུད་གྲོང་ཚོས་སྲོལ་རྒྱུན་གྱི་ཐོན་སྐྱེད་བྱེད་སྟངས་བསྒྱུར་ཏེ་ཡུལ་སྐོར་ལས་རིགས་འཕེལ་རྒྱས་བཏང་བའི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-06-25

    ས་བབ་སྨི་5070ཟིན་པའི་ཕུ་མ་གཡུ་མཚོའི་འགྲམ་ངོགས་སུ“ནམ་མཁའ་དང་ཐག་ཉེ་ཤོས་ཀྱི་གྲོང་ཚོ”ཞིག་ཆགས་པའི་མིང་ལ་མཐུད་གྲོང་ཚོ་ཞེས་འབོད།

    སྨི་5070ཡི་མཐོ་ཚད་ནས་འདས་ཟིན་པའི་ལོ་ཟླར་ཕྱི་མིག་ཅིག་འཕངས་ཚེ། ལྷོ་ཁ་གྲོང་ཁྱེར་སྣ་དཀར་རྩེ་རྫོང་སྟག་ལུང་གྲོང་རྡལ་མཐུད་གྲོང་ཚོའི་ལོ་ངོ་60རིང་གི་འཕོ་འགྱུར་ནི་ས་མཐོའི་གྲོང་ཚོ་ཁག་གི་འཕེལ་རྒྱས་ཀྱི་ལོ་རྒྱུས་མཚོན་པའི་མེ་ལོང་དུ་བགྲངས་ཆོག སྔོན་ཆད་ཕྱི་རོལ་དང་འབྲེལ་ཐག་ཆད་པའི་གྲོང་ཚོ་དེས་ལོ་ངོ་60ཡི་རིང་ལ་གདོད་མའི་ཕྱུགས་འཚོ་སྟངས་ཀྱི་འབྲོག་ལས་གྲོང་ཚོ་ཞིག་ནས་དེང་རབས་ཅན་གྱི་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་བསྐྲུན་པའི་བར་གྱི་ངོ་མཚར་ཆེ་བའི་འགྱུར་ལྡོག་བརྒྱུད་ཡོད།

    མི་རེའི་ཆ་སྙོམས་ཚེ་ཚད་ལོ་40ཡང་མ་ཟིན་པ་ནས་དེང་རབས་ཀྱི་སྨན་བཅོས་ལག་རྩལ་ལ་བརྟེན་ནས་ལུས་གསོའི་སྨན་བཅོས་བདེ་ཐང་སྲིད་ཇུས་ལོངས་སྤྱོད་ཐུབ་པའི་བར་དང་། འཁྱགས་པ་བཅག་སྟེ་འཐུང་ཆུ་ལེན་པ་ནས་གསོ་རླུང་ཡོད་པའི་ཚ་སོབ་སོབ་ཀྱི་སྡོད་ཁང་དུ་བདེ་སྐྱིད་དཔལ་ལ་རོལ་བའི་བར། འབྲོག་ལས་རྐྱང་པ་གཉེར་བ་ནས་ཡུལ་སྐོར་ལ་བརྟེན་ནས་ཡོང་འབབ་བྱུང་བའི་བར་གྱི་མཐུད་གྲོང་ཚོའི་འགྱུར་ལྡོག་ནི་རང་ལྗོངས་ཀྱི་མཐའ་མཚམས་ས་ཁུལ་གྱི་འཕེལ་རྒྱས་མཚོན་པའི་གསོན་ཉམས་དོད་པའི་བསྡུས་རིས་ཤིག་རེད། གྲོང་གསེབ་དར་རྒྱས་འཐབ་ཇུས་ཀྱི་ཁྲིད་སྟོན་འོག མཐུད་གྲོང་ཚོས་རྣམ་པ་གསར་རྐྱང་ལ་བརྟེན་ནས“འཛམ་གླིང་གི་ས་བབ་མཐོ་ཤོས་ཀྱི་གྲོང་ཚོའི”འཕོ་འགྱུར་གྱི་གཏམ་རྒྱུད་ཟིན་ཐོར་འགོད་བཞིན་མཆིས།

    “སྤྲིན་རུམ་གྲོང་ཚོའི”སྔོན་ཆད་ཀྱི་རྣམ་པ།

    མཐུད་གྲོང་ཚོ་ནི་ཧི་མ་ལ་ཡའི་བྱང་འདབས་སུ་གནས་ཤིང་། རྒྱབ་ཕྱོགས་སྨོན་མདའ་ལ་དང་། མདུན་ཕྱོགས་མཐིང་མདོག་གི་ཕུ་མ་གཡུ་མཚོར་གཏད་ཡོད་པ་དང་། དེར་འཛམ་གླིང་གི་ས་བབ་མཐོ་ཤོས་ཀྱི་སྲིད་འཛིན་གྲོང་ཚོ་ཞེས་པའི་མཚན་སྙན་ལྡན། ལོ་ངོ་60ཡི་གོང་། ས་བབ་སྨི་5070ཡོད་པའི་ས་མཐོའི་གྲོང་ཚོ་དེ་ཉིད་དུས་ཚོད་ཀྱི་བརྗེད་ངས་རྐུན་པོས་རྒྱང་དུ་སྤྱུགས་པའི་བས་མཐའི་ཁེར་ཆགས་གླིང་ཕྲན་ཞིག་དང་འདྲ་བར། ལོ་ངོ་སྟོང་ཕྲག་རིང་གི་སྲོལ་རྒྱུན་གྱི་འཚོ་བ་སྐྱེལ་སྟངས་ཁོ་ན་རྒྱུན་མཐུད་བཞིན་ཡོད།

    འབྲོག་ལས་རྐྱང་པའི་དཔལ་འབྱོར་ཁོ་ན་དོན་གཉེར་བྱས་སྟབས་མང་ཚོགས་ཀྱི་ཡོང་འབབ་ཧ་ཅང་ཉུང་བ་དང་། ཕྱི་ལོགས་དང་འབྲེལ་ཐག་ཆད་པའི་བཀག་སྡོམ་རྣམ་པ་ནི་དེང་རབས་ཀྱི་ཤེས་དཔལ་གནས་དེར་དར་བའི་བཀག་རྡོར་གྱུར་པ། རྨང་གཞིའི་སྒྲིག་བཀོད་ཁ་ཐང་བའི་དབང་གིས་ས་གནས་དེ་གའི་འཚོ་བའི་ཆ་རྐྱེན་ཡུན་རིང་ཅུང་དམའ་བའི་ཚད་དུ་ལུས། བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་པ་དང་། བོད་རང་སྐྱོང་ལྗོངས་དབུ་བརྙེས་པ། སྒྱུར་བཅོས་སྒོ་དབྱེའི་དཔྱིད་རླུང་དྲོན་མོ“སྤྲིན་རུམ་གྲོང་ཚོར”བསྟུད་མར་ལྡང་བའི་བཀའ་དྲིན་ལས། མཐུད་གྲོང་ཚོའི་གང་སར་དཔྱིད་ཀྱི་དཔལ་ཡོན་བཞད་དེ་སྐྱ་ནམ་རྒྱས་འགོ་ཚུགས།

    ལོ་ངོ་སྟོང་ཕྲག་རིང་རྒྱུན་བསྐྱངས་པའི“གཡང་དཀར་དར་བགྲོད”ནི་མཐུད་གྲོང་ཚོའི་སྲོལ་རྒྱུན་ཐོན་སྐྱེད་རྣམ་པ་དམིགས་བསལ་ཞིག་རེད། ལོ་རེའི་དགུན་ཁར། ཕུ་མ་གཡུ་མཚོར་དར་ཆགས་རྗེས་འཁྱགས་པ་ཆེས་མཐུག་པའི་སྐབས། ཡུལ་མི་ཚོས་གཡང་དཀར་ལུག་ཁྱུ་མཚོ་དབུས་ཀྱི་རྩྭ་ཆུ་འཛོམས་པའི་གླིང་ཕྲན་དུ་དེད་ནས་དགུན་ཁ་སྒྲོལ་བཞིན་ཡོད། ལོ་ངོ་སྟོང་ཕྲག་རིང་རྒྱུན་བསྐྱངས་པའི་ཐུན་མོང་མ་ཡིན་པའི་སྲོལ་རྒྱུན་དེ་ཕྱིས་སུ་དངོས་མཚོན་པར་གཞི《གླིང་སྣེ་གསུམ་པའི》ལེ་ཚན་གྱིས་པར་དུ་བླངས་ཏེ་ཟིན་ཐོར་བཀོད་པས། དེ་ནི་ཕྱི་ལོགས་ཀྱི་སྐྱེ་བོ་མང་པོས་མཐུད་གྲོང་ཚོར་རྒྱུས་ལོན་བྱེད་པའི“མིང་བྱང”ཐོག་མར་གྱུར།

    རྩྭ་ཆུ་འཛོམས་སར་སྐྱས་སྤོ་བ་ནས་གསོ་རླུང་ཡོད་པའི་སྡོད་ཁང་བར་གྱི་འགྱུར་ལྡོག

    མཐུད་གྲོང་ཚོའི་དེང་རབས་ཅན་གྱི་འཕེལ་རིམ་ནི་གཙོ་བོ་བོད་ལ་དམངས་གཙོའི་བཅོས་སྒྱུར་གྱི་དཔྱིད་རླུང་དྲོན་མོ་ལྡང་བ་ནས་འགོ་ཚུགས་པ་ཞིག་རེད།

    བོད་ལྗོངས་ཀྱི་ས་ཁུལ་གཞན་དང་འདྲ་བར། “སྤྲིན་རུམ་གྲོང་ཚོས”ཀྱང་རྩྭ་ཆུ་འཛོམས་སར་སྐྱས་སྤོ་བའི་རྣམ་པ་ནས་གཏན་ཆགས་ཀྱི་སྡོད་ཁང་དུ་གཞིས་ཆགས་པའི་བར་གྱི་འཚོ་བའི་འགྱུར་ལྡོག་བརྒྱུད་ཡོད། ལོ་75ལ་སླེབས་པའི་བགྲེས་སོང་དངོས་གྲུབ་ཀྱིས་ཕྱིར་དྲན་དང་བཅས། “དེ་སྔོན་ང་ཚོས་རྩྭ་ཆུ་འཛོམས་སར་སྐྱས་སྤོ་བའི་གཏན་འཇགས་མེད་པའི་འཚོ་བ་སྐྱེལ་བཞིན་ཡོད། དམངས་གཙོའི་བཅོས་སྒྱུར་བྱས་རྗེས། ང་ཚོ་ཐོག་མར་ས་ཁུང་གི་ཁང་པར་བསྡད་པ་དང་། དེ་ནི་ང་ཚོའི་སྡོད་ཁང་དང་པོ་རེད། སྒྱུར་བཅོས་སྒོ་དབྱེ་བྱས་རྗེས། ང་ཚོ་སྤྱིལ་ཁང་དུ་སྤོས་ཤིང་། དེ་ནི་ང་ཚོའི་སྡོད་ཁང་གཉིས་པ་རེད། 2008ལོར། ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་འོག ང་ཚོ་སྡོད་ཁང་གསུམ་པ་སྟེ་བདེ་སྡོད་ཁང་པར་སྡོད་རྒྱུ་བྱུང་། 2019ལོར། ང་ཚོ་རྒྱ་ཆེ་ལ་སྐྱིད་སྣང་དོད་པའི‘འབྱོར་འབྲིང་ཁང་པར’སྡོད་ཐུབ་བྱུང”ཞེས་བརྗོད།

    ཁོང་གི་སྐད་ཆ་དུམ་བུ་དེ་ལས་ལོ་ངོ་60ཡི་རིང་མཐུད་གྲོང་ཚོའི་སྡོད་ཁང་ལ་མཆོང་སྐྱོད་ལྟ་བུའི་འགྱུར་ལྡོག་ཐེངས་བཞི་བྱུང་བ་མཚོན་པ་མ་ཟད། གྲོང་ཚོ་ཡོངས་ཀྱི་རྨང་གཞིའི་སྒྲིག་བཀོད་ལའང་སྤུས་ཚད་མཐོ་བའི་འཕེལ་རྒྱས་བྱུང་བ་མངོན་ཡོད།

    མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་བསྐྲུན་རྒྱུ་ནི་མཐུད་གྲོང་ཚོ་འཕེལ་རྒྱས་གཏོང་བའི་ལྟེ་བའི་མཚམས་ཚིགས་སུ་གྱུར་ཡོད། 2017ལོར། སྣ་དཀར་རྩེ་རྫོང་གིས་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་སྐྲུན་པའི་རྣམ་གྲངས་སྤེལ་འགོ་ཚུགས་པ་དང་། 2019ལོར་ཁྱོན་ཡོངས་ནས་ལས་མཇུག་བསྒྲིལ་རྗེས། མཐུད་གྲོང་ཚོའི་མང་ཚོགས་ཚང་མ་དེང་རབས་ཅན་གྱི་་བོད་ཁང་དུ་སྡོད་ཐུབ་ཡོད། སྲིད་གཞུང་གིས་སྒོར་ཁྲི་2000ལྷག་ཙམ་བཏང་སྟེ་གྲོང་ཚོར་སྒྱུར་བཀོད་བྱས་པར། གྲོང་ཚོའི་རྣམ་པ་གསར་རྐྱང་དུ་གྱུར་པ་དང་། ཆུ་དང་། གློག ལམ། འཕྲིན་གཏོང་བཅས་ཀྱི་རིམ་པ་ཕྱོགས་ཡོངས་ནས་སྤར་བ་དེས་ཡུལ་མིའི་གཞི་རྩའི་འཚོ་བའི་དཀའ་གནད་བསལ་ཡོད། དེ་སྔ་མཐུད་གྲོང་ཚོའི་ཡུལ་མིས་དགུན་ཁར་འཁྱགས་པ་བཅག་ནས་འཐུང་ཆུ་ལེན་དགོས་ཀྱི་ཡོད་མོད། འོན་ཀྱང་། ད་ཆ་ཁྱིམ་ཚང་ཚང་མར་ཆུ་ཀ་ལ་ཁྲིད་ཡོད། དེ་སྔ་ལྕི་བའི་མེ་དང་སྣུམ་བཞུར་བརྟེན་ནས་གློག་སྒྲོན་བྱེད་པའི་ཉིན་མ་ད་ལྟ་ནམ་ཡང་ལོ་རྒྱུས་སུ་གྱུར་ཏེ། གློག་ཤུགས་བརྟན་པོ་མཁོ་འདོན་ཐུབ་པ་ལས་ཡུལ་མི་ཚོར་དེང་རབས་ཀྱི་ཁྱིམ་སྤྱོད་གློག་ཆས་སྤྱོད་སྐལ་བྱུང་ཡོད། སྒུལ་བདེའི་འཕྲིན་གཏོང་དྲ་རྒྱ་གང་སར་ཁྱབ་པ་ལས་ས་བཅད་ཀྱི་གྱང་རོ་རྨང་ནས་ཞིག་སྟེ། “འཛམ་གླིང་གི་ས་བབ་མཐོ་ཤོས་ཀྱི་གྲོང་ཚོ”དེ་ཕྱི་རོལ་གྱི་འཇིག་རྟེན་དང་འབྲེལ་འདྲིས་དམ་ཟབ་ཐུབ་ཡོད། ཨར་འདམ་ལམ་བུ་བསྐྲུན་པ་ལས་དངོས་ཟོག་དབོར་འདྲེན་དང་མི་སྣ་འགྲོ་འོང་ལ་སྟབས་བདེ་དེ་བས་ཆེ་བ་བྱུང་ཞིང་། རྨང་གཞིའི་སྒྲིག་བཀོད་ལ་གཞི་རྩའི་རང་བཞིན་གྱི་ལེགས་བཅོས་བྱས་པ་ལས་མཐུད་གྲོང་ཚོའི་ཕྱིན་ཆད་ཀྱི་འཕེལ་རྒྱས་ལ་རྨང་གཞི་བརྟན་པོ་བཏིང་ཡོད།

    “ལུག་འདེད་དེ་སྐྱས་སྤོ་བ”ནས་ཡུལ་སྐོར་ལ་ བརྟེན་ནས་ཡོང་འབབ་གསོག་པའི་བར་གྱི་འགྱུར་ལྡོག

    མཐུད་གྲོང་ཚོའི་ཐོན་ལས་ཀྱི་འཕེལ་རྒྱས་ནི་འབྲོག་ལས་རྐྱང་པ་ནས་དཔལ་འབྱོར་སྣ་མང་གི་ལམ་དུ་ཆས་པའི་འབད་འཐབ་ཀྱི་ལོ་རྒྱུས་ཤིག་རེད།

    དེ་སྔ་འབྲོག་ལས་རྐྱང་པ་ཡིན་པའི་གྲོང་ཚོའི་ཡུལ་མི་ཚོས་ཚེ་གང་རིང་ལུག་ཁྱུ་འཚོ་བ་ལས་ཕྱི་རོལ་གྱི་འཇིག་རྟེན་དུ་འགྲོ་མྱོང་མེད་སྟབས། དཔལ་འབྱོར་གྱི་ཡོང་ཁུངས་ཀྱང་ནོར་ལུག་ཁོ་ན་ལས་གཞན་ཅི། དུས་རབས་གསར་པའི་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་ལེན་བསྟར་བ་དང་བསྟུན་ནས། མཐུད་གྲོང་ཚོ་དེ་ཉིད་སྲོལ་རྒྱུན་གྱི་འབྲོག་ལས་དང་གསར་དར་ཡུལ་སྐོར་ལས་རིགས་ཟུང་དུ་འབྲེལ་བའི་རང་རང་གི་ཁྱད་ཆོས་ལྡན་པའི་འཕེལ་རྒྱས་ཀྱི་འགྲོ་ལམ་ཐོག་རིམ་བཞིན་བསྐྱོད་ཐུབ་པ་བྱུང་སྟེ། “ལུག་འདེད་དེ་སྐྱས་སྤོ་བ”ནས་ཡུལ་སྐོར་ལ་བརྟེན་ནས་ཡོང་འབབ་གསོག་པའི་བར་གྱི་འགྱུར་ལྡོག་བྱུང་ཡོད།

    མིག་སྔར། ལོ་ངོ་སྟོང་ཕྲག་རིང་རྒྱུན་བསྐྱངས་པའི“གཡང་དཀར་དར་བགྲོད”ཀྱི་སྲོལ་རྒྱུན་དེ་ཐོན་སྐྱེད་རྣམ་པ་རྐྱང་པ་ནས་ཡུལ་སྐོར་བའི་ཡིད་དབང་འགུག་པའི་རིག་གནས་ཀྱི་སྟོན་མོ་ཞིག་ཏུ་གྱུར། ལོ་རེའི་དགུན་ཁར། ཡུལ་མི་ཚོས་ཕུ་མ་གཡུ་མཚོའི་འཁྱགས་ཐོག་ཏུ་གོ་ཐལ་གཏོར་ཏེ“འདྲེད་འགོག་ལམ་བུ”བཏོད་པ་དང་། མཐིང་མདོག་གི་དར་ལམ་དུ་ལུག་ཁྱུ་གློད་པའི་ཉམས་དགའ་བའི་རྣམ་པ་དེར་པར་ལེན་ལ་དགའ་མཁན་དང་ཡུལ་སྐོར་བ་མང་པོ་འགྲམ་ཆུ་ལྡང་སྟེ་དེ་གའི་མཛེས་ལྗོངས་ལ་ལྟད་མོ་ལྟ་བར་ཡོང་གི་ཡོད། སྲོལ་རྒྱུན་གྱི་ཐོན་སྐྱེད་རྣམ་པ་རིམ་བཞིན་ཡུལ་སྐོར་ཐོན་ཁུངས་སུ་སྒྱུར་འགོ་ཚུགས་པ་དེས་སྲོལ་རྒྱུན་རིག་གནས་ཀྱི་གསར་གཏོད་རང་བཞིན་གྱི་གཞན་སྒྱུར་མངོན་འགྱུར་བྱུང་ཡོད།

    དབང་འདུས་ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱས་པ་དེ་མཐུད་གྲོང་ཚོའི་ཐོན་ལས་ཕྱོགས་སྒྱུར་གྱི་འགག་རྩའི་ཕྱོགས་མཚམས་ཤིག་ཏུ་གྱུར་ཡོད།

    2018ལོར། སྣ་དཀར་རྩེ་རྫོང་གིས་ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱེད་མཁན་གྱི་སློབ་ཆེན་སློབ་མར་རོགས་རམ་བྱེད་པའི་སྲིད་ཇུས་བཏོན་ཞིང་། དབང་འདུས་ལའང་ཐོག་མའི་ལས་གཏོད་མ་རྩ་སྒོར་ཁྲི་6དང་ལོ་ལྔ་བསྟུད་མར་ཆུ་རིན་དང་གློག་རིན་གྱི་ཁ་གསབ་རོགས་དངུལ་རག་པ་རེད། སྲིད་གཞུང་གི་རྒྱབ་སྐྱོར་འོག ཁོང་གིས་མཐུད་གྲོང་ཚོར་དམངས་སྲོལ་གནས་ཚང་དང་པོ་བཙུགས་པ་དང་། ཕྱིས་སུ་མཚོ་ལྗོངས་གསོལ་མགྲོན་ཁང“5070”ལ་རིམ་པ་སྤར་ཡོད། མིང་དེ་ནི་ས་ཆ་དེ་གའི་ས་བབ་ཀྱི་མཐོ་ཚད་ལ་གཞིགས་ནས་བཏགས་པ་ཞིག་རེད། གསོལ་མགྲོན་ཁང་གིས་གྲོང་ཚོའི་མཉམ་སྡེབ་ལ་ལོ་ལྟར་ཁང་གླ་སྒོར་ཁྲི་15སྤྲོད་པ་མ་ཟད། ས་གནས་དེ་གའི་ཡུལ་མི་5ལས་མིར་བསྡུས་པའི་ཁྲོད། ལས་མི་ངོ་མར་སྒོར་3000དང་ཞོར་ལས་ལས་མིར་སྒོར་2100གི་ཟླ་ཕོགས་སྤྲོད་བཞིན་ཡོད་པས། ཡུལ་མིའི་ཡོང་འབབ་མངོན་གསལ་དོད་པོས་མང་དུ་ཕྱིན་ཡོད།

    དབང་འདུས་ཀྱི་སྐུལ་ཁྲིད་འོག ཁྱིམ་ཚང་མགྲོན་ཁང་གཉེར་མཁན་གྱི་ཡུལ་མི་དེ་བས་མང་དུ་སོང་སྟེ། འབྲོག་པ་མང་པོ་ཡུལ་སྐོར་ཞབས་ཞུ་བར་གྱུར་པ་དང་། རྫོང་ནས་གཉེར་བའི་མགྲོན་ཁང་ཞབས་ཞུ་དང་གུས་ལུགས་གསོ་སྦྱོང་གིས་ཡུལ་མི་ཚོའི་ཞབས་ཞུའི་འཇོན་ཐང་དེ་བས་ཆེ་རུ་ཕྱིན་ཡོད།

    འབྲོག་ལས་དང་ཡུལ་སྐོར་ལས་རིགས་ཕུད། མཐུད་གྲོང་ཚོས་ད་དུང་ཁྱད་ལྡན་ཐོན་ལས་གཞན་པ་འཕེལ་རྒྱས་གཏོང་སྟངས་ཚོད་ལྟ་བྱེད་བཞིན་ཡོད་པ་སྟེ། རྩིད་པ་དང་། ཁུ་ལུ། བལ་བཅས་ཀྱི་ལག་བསླས་ཐོན་རྫས་དག་ནི་ཡུལ་སྐོར་བས་དགའ་པོ་བྱེད་པའི་དྲན་རྟེན་དངོས་རྫས་སུ་གྱུར་པ་དང་། ལས་སྣོན་ཞིབ་ཚགས་བྱས་པའི་ས་མཐོའི་ཁྱད་ལྡན་ཞིང་ལས་ཐོན་རྫས་ལའང་ཁྲོམ་རའི་རིན་ཐང་ཆེན་པོ་ལྡན་ཡོད་པ་རེད། དབང་འདུས་ཀྱི་འཆར་གཞི་ལྟར་ན། མཐའ་འཁོར་གྱི་ཡུལ་ལྗོངས་སྟེགས་བུ་མཉམ་དུ་གཉེར་སྐྱོང་བྱས་ནས་ཡུལ་མི་དེ་བས་མང་བར་ཡུལ་སྐོར་ཡོང་འབབ་རག་པ་བྱེད་རྩིས་ཡོད་པ་རེད།

    རིག་གནས་རྒྱུན་འཛིན་དང་དེང་ རབས་ཤེས་དཔལ་དབར་གྱི་མཉམ་འདྲེས།

    རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སྦྱོང་དུ་བཅུག་སྟེ་ཡུལ་མི་དང་ཕྱི་རོལ་དབར་གྱི་འབྲེལ་ཟམ་བཏོད་ཡོད།

    མཐུད་གྲོང་ཚོས་ཡུལ་མི་སྒྲིག་འཛུགས་བྱས་ཏེ་གཟའ་འཁོར་རེ་རེར་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སྦྱོང་དུ་བཅུག་པའི་བྱེད་ཐབས་དེས་ཡུལ་མིས་ཕྱི་ཕྱོགས་ཀྱི་ཆ་འཕྲིན་དེ་བས་བདེ་བླག་ངང་ཤེས་རྟོགས་དང་། དེ་བས་རྒྱ་ཆེ་བའི་སྤེལ་རེས་མཉམ་ལས་ནང་ཞུགས་པར་སྟབས་བདེ་བསྐྲུན་ཡོད། སྐད་བརྡའི་ནུས་པ་ཆེ་རུ་ཕྱིན་པ་དེས་ཡུལ་སྐོར་ཞབས་ཞུ་སྟབས་བདེ་རུ་ཕྱིན་པ་མ་ཟད། གྲོང་མིའི་མཐོང་རྒྱ་དེ་བས་ཆེ་རུ་ཕྱིན་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་དེ་བས་ཟབ་ཏུ་ཕྱིན་ཡོད། ཡུལ་མིས་སྤྱི་སྐད་སྤྱད་ནས་ཡུལ་སྐོར་བ་དང་སྤེལ་རེས་ཆུ་རྒྱུག་རྒྱུག་བྱེད་ཐུབ་སྐབས། “ནམ་མཁའ་དང་ཐག་ཉེ་ཤོས་ཀྱི་གྲོང་ཚོ”དང་མེས་རྒྱལ་ཁྱིམ་ཚང་ཆེན་པོའི་དབར་གྱི་སེམས་ཐག་དེ་བས་ཉེ་རུ་ཕྱིན་ཡོད།

    གཞན་ཡང་། མི་ཕྱུགས་ལོགས་དབྱེ་དང་། གད་སྙིགས་དུས་བཀག་ལྟར་གཙང་འདྲེན། གསང་སྤྱོད་སྒྱུར་བཀོད་སོགས་ཁོར་ཡུག་བཅོས་སྒྲིག་བྱེད་ཐབས་ལས་མཐུད་གྲོང་ཚོའི་ཡུལ་མིས་སྐྱེ་ཁམས་སྲུང་སྐྱོང་ལ་མཐོང་ཆེན་པོ་བྱེད་པ་མཚོན་ཡོད། དེ་ནི་ཚང་མས“རི་སྔོན་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི”འདུ་ཤེས་ལ་ངེས་ཤེས་གང་ལེགས་བྱུང་བ་ཞིག་སྟེ། ཕུ་མ་གཡུ་མཚོའི་ལྟ་ན་སྡུག་པའི་མཛེས་ལྗོངས་ནི་མཐུད་གྲོང་ཚོའི་ཡུལ་སྐོར་འཕེལ་རྒྱས་ཀྱི་ལྟེ་བའི་ཐོན་ཁུངས་དང་། ཁོར་ཡུག་ལ་སྲུང་སྐྱོང་བྱེད་པ་ནི་འཕེལ་རྒྱས་དོན་དུ་གཉེར་བའི་རྨང་གཞི་ཡིན་པས་རེད། གཞན་དབང་གིས་རང་བྱུང་ཁམས་ལ་བསྟུན་པ་ནས་རང་འགུལ་ངང་སྐྱེ་ཁམས་ལ་སྲུང་སྐྱོང་བྱེད་པའི་བར། མཐུད་གྲོང་ཚོའི་ཡུལ་མིའི་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་ལ་དེང་རབས་རང་བཞིན་གྱི་འགྱུར་ལྡོག་བྱུང་ཡོད།

    ལོ་ངོ་60ཡི་རིང་། དར་ཐོག་གི་འབྲོག་གླུ་སྙན་འཇེབས་ལྡན་པའི་འགྱུར་ཁུག་དང་བསྡེབས་ནས་མི་རབས་ནས་མི་རབས་བརྒྱུད་དེ་ལེན་བཞིན་ཡོད་ཅིང་། མཐུད་གྲོང་ཚོས་ཀྱང་སྲོལ་རྒྱུན་དང་དེང་རབས་ཟུང་དུ་འབྲེལ་བའི་འཕེལ་རྒྱས་ཀྱི་འགྲོ་ལམ་ཞིག་བཏོད་དེ། ཕྱི་ལོགས་དང་འབྲེལ་ཐག་ཆད་པའི་བས་མཐའི་གྲོང་ཚོ་དེ་ཉིད་དྲ་ཐོག་གི་མཛེས་ལྗོངས་ཁུལ་གྲགས་ཅན་ཞིག་ཏུ་བསྐྲུན་པའི་འཕོ་འགྱུར་ཆེན་པོའི་རྣམ་པ་གསར་པ་ཀུན་གྱི་སྤྱན་སྔར་བསྟར་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།