ལྷ་ས་གྲོང་ཁྱེར་གྱི་ཟླ་བ་དང་པོ་ནས་ལྔ་པའི་བར་གྱི་དཔལ་འབྱོར་དམིགས་ཚད་གཙོ་བོ་འཕར་ཤུགས་ཆེ་བ།
ལྷ་ས་གྲོང་ཁྱེར་གྱི་2025ལོའི་ཟླ་བ་དང་པོ་ནས་ཟླ་ལྔ་པའི་བར་གྱི་དཔལ་འབྱོར་གྲངས་གཞི་གཙོ་བོ་ཉེ་ཆར་ཁྱབ་བསྒྲགས་བྱས་པ་དང་། དམིགས་ཚད་མང་པོ་ཞིག་ལས་གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་འཁོར་སྐྱོད་ཀྱི་དགེ་མཚན་ལྡན་པའི་འཕེལ་ཕྱོགས་མངོན་ཞིང་། བཟོ་ལས་དང་། མ་འཇོག འཛད་སྤྱོད་བཅས་ཁྱབ་ཁོངས་ཆེན་པོ་གསུམ་འཕར་ཤུགས་ཆེ་བ་དང་། དམིགས་ཚད་གཙོ་བོའི་འཕར་ཚད་ན་ནིང་གི་དུས་མཚུངས་ལས་མངོན་གསལ་དོད་པོས་འཕར་ཡོད་པ་རེད།
བཟོ་ལས་དཔལ་འབྱོར་ལ་བཀྲག་མདངས་རྒྱས་ནས་འཕར་ཤུགས་གཙོ་བོར་གྱུར་ཞིང་། ཟླ་བ་དང་པོ་ནས་ལྔ་པའི་བར་གྲོང་ཁྱེར་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་འཕར་ཐང་དུས་མཚུངས་ལས་17.8%འཕར་བ་དང་འཕར་ཚད་ན་ནིང་གི་དུས་མཚུངས་ལས་བརྒྱ་ཆའི་གྲངས་8.8འཕར་ནས་འཕར་ཤུགས་ཆེན་པོ་མངོན་ཡོད།
གཏན་འཇགས་རྒྱུ་ནོར་གྱི་མ་འཇོག་འཕར་ཚད་ཅུང་མགྱོགས་པོ་རྒྱུན་འཁྱོངས་བྱུང་ནས་ས་ཁང་བདག་ཁོངས་གསར་སྤེལ་གྱི་མ་འཇོག་སླར་གསོ་མངོན་གསལ་དོད་ཅིང་། ཟླ་བ་དང་པོ་ནས་ཟླ་ལྔ་པའི་བར་གྲོང་ཁྱེར་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་གྱི་མ་འཇོག་དུས་མཚུངས་ལས་25.7%འཕར་བ་དང་འཕར་ཚད་ན་ནིང་གི་དུས་མཚུངས་ལས་བརྒྱ་ཆའི་གྲངས་7.6འཕར་ཡོད།
འཛད་སྤྱོད་ཁྲོམ་ར་བརྟན་པོའི་ངང་སླར་གསོ་བྱུང་ནས་གསོན་ཤུགས་རྒྱུན་མཐུད་ངང་རྒྱས་ཤིང་། ཟླ་བ་དང་པོ་ནས་ལྔ་པའི་བར་གྲོང་ཁྱེར་ཡོངས་ཀྱི་སྤྱི་ཚོགས་འཛད་ཟོག་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར་197.18མངོན་འགྱུར་བྱུང་ནས་དུས་མཚུངས་ལས་8.6%འཕར་བ་དང་། འཕར་ཚད་ན་ནིང་གི་དུས་མཚུངས་ལས་བརྒྱ་ཆའི་གྲངས་7.6འཕར་བས། འཛད་སྤྱོད་ཁྲོམ་རའི་འཁོར་སྐྱོད་བརྟན་ཞིང་གོ་རིམ་ལྡན་པའི་རྣམ་པ་བཟང་པོ་མངོན་ཡོད།
ཕྱོགས་བསྡུས་ཐོག་ནས་བལྟས་ན། འདི་ལོའི་ཟླ་བ་དང་པོ་ནས་ལྔ་པའི་བར། ལྷ་ས་གྲོང་ཁྱེར་གྱི་དཔལ་འབྱོར་དམིགས་ཚད་གཙོ་བོ་ཡོངས་ཁྱབ་ཏུ་མགྱོགས་མྱུར་འཕར་བའི་རྣམ་པ་མངོན་ཡོད།