ཟླ་བ་དང་པོ་ནས་ལྔ་པ་བར་ལྗང་མདོག་གློག་ཉོ་ཚོང་བྱེད་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་2200ལྷག་ཙམ་ཟིན་པ།
དུས་མཚུངས་ལས་50%ཙམ་འཕར་བ།
གསར་འགོད་པས་ཀྲུང་གོ་གློག་ཤུགས་ཁེ་ལས་མཉམ་འབྲེལ་ལྷན་ཚོགས་ནས་ཤེས་རྟོགས་བྱས་པར་གཞིགས་ན། ད་ལོའི་ཟླ་བ་དང་པོ་ནས་ལྔ་པ་བར་རང་རྒྱལ་གྱི་ལྗང་མདོག་གློག་ཉོ་ཚོང་བྱེད་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་2200ལྷག་ཙམ་ཟིན་ནས་དུས་མཚུངས་ལས་50%ཙམ་འཕར་ཏེ། ལྗང་མདོག་གློག་ཉོ་ཚོང་གཞི་ཁྱོན་མགྱོགས་མྱུར་འཕར་ཡོད།
རང་རྒྱལ་གྱིས་རྒྱལ་ཡོངས་ཀྱི་གཅིག་གྱུར་གློག་ཤུགས་ཁྲོམ་ར་མགྱོགས་མྱུར་བསྐྲུན་ཏེ། རྒྱལ་ཡོངས་ཀྱི་ཁྲོམ་ར་ཅན་གྱི་ཉོ་ཚོང་གློག་ཚད་དེ་2016ལོའི་ཆུ་ཚོད་ཆན་ཝ་དུང་ཕྱུར་ཁྲི་1.1ནས་2024ལོའི་ཆུ་ཚོད་ཆན་ཝ་དུང་ཕྱུར་ཁྲི་6.2བར་འཕར་བ་དེས་སྤྱི་ཚོགས་ཡོངས་ཀྱི་གློག་སྤྱོད་ཚད་ནང་བཟུང་བའི་བསྡུར་ཚད་དེ་17%ནས་63%བར་འཕར་ཡོད།
ནུས་རྒྱུ་གསར་པའི་གློག་འདོན་གཞི་ཁྱོན་དང་གློག་འདོན་ཚད་རྒྱུན་མཐུད་ཆེ་རུ་ཕྱིན་པ་དང་བསྟུན་ནས་ནུས་རྒྱུ་གསར་པའི་གློག་འདོན་ཕྱོགས་ཡོངས་ནས་ཁྲོམ་ར་དང་འགྲན་རྩོད་ནང་ཞུགས་ཡོད། 2024ལོར་རྒྱལ་ཡོངས་ཀྱི་ནུས་རྒྱུ་གསར་པའི་ཁྲོམ་ར་ཅན་གྱི་ཉོ་ཚོང་གློག་འབོར་ཆུ་ཚོད་ཆན་ཝ་དུང་ཕྱུར་ཁྲི་1ལས་བརྒལ་བ་དེས་ནུས་རྒྱུ་གསར་པ་ཡོངས་ཀྱི་གློག་འདོན་ཚད་ཀྱི་55%བཟུང་ནས་ནུས་རྒྱུ་གསར་པ་ཕྱེད་ཀ་ལྷག་ཙམ་ཁྲོམ་རར་ཞུགས་ཐུབ་ཡོད།
རྒྱལ་ཡོངས་ཀྱི་གཅིག་གྱུར་གློག་ཤུགས་ཁྲོམ་ར་མགྱོགས་མྱུར་བསྐྲུན་ནས་ཞིང་ཆེན་བརྒལ་བའི་ལྗང་མདོག་གློག་ཤུགས་ཉོ་ཚོང་རྒྱུན་ལྡན་ཅན་དུ་སྤེལ་ཞིང་། གཞི་རྩའི་ཆར་སྣ་མང་བྱེད་པོ་གོ་རིམ་ལྡན་པའི་ངང་ཞུགས་པའི་ཁྲོམ་རའི་རྣམ་པ་ཆགས་ཏེ་གློག་ཤུགས་ཁྲོམ་རའི་ནང་གནས་སྒུལ་ཤུགས་རྒྱུན་མཐུད་སྐུལ་སྤེལ་བཏང་ཡོད། མིག་སྔར། རང་རྒྱལ་གྱི་གློག་ཤུགས་གཉེར་སྐྱོང་བྱེད་པོ་ཁྲི་80ལས་བརྒལ་ནས་2016ལོ་ལས་ལྡབ་20ཙམ་འཕར་ཡོད། གློག་ཚོང་ཀུང་སི་4000ལྷག་ཙམ་ཡོད་པ་དང་། སིལ་ཚོང་བྱེད་མཁན་ཁྲི་60ལྷག་ཙམ་གྱིས་སིལ་ཚོང་ཁྲོམ་ར་བརྒྱུད་དེ་གློག་ཉོས་པས། གློག་ཤུགས་ཁྲོམ་རའི་འཁྲུག་ཆ་དོད་པའི་རྣམ་པ་ཆེས་ཆེར་ཟབ་ཏུ་ཕྱིན་པ་དང་། རང་ཚུགས་ནུས་གསོག་དང་། རྟོག་བཟོའི་གློག་ཁང་། ཐེག་ཚད་མཉམ་འདུས་ཚོང་པ་སོགས་ཀྱི་བྱེད་པོ་གསར་པ་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བཞིན་ཡོད།