མིག་སྔར་ལོ་ཧྲིལ་པོའི་གཞི་ཁྱོན་གྱི་མ་དངུལ་ཕྱེད་ཀ་ཙམ་སྤྱད་པ་དང་ཕྱིར་ཚོང་དངུལ་འབོར་ལ་སྐུལ་ཁྲིད་ཐུབ་ཚད་ན་ནིང་གི་ལོ་ཧྲིལ་པོ་ལས་བརྒལ་བ།
རྙིང་པ་གསར་པར་བརྗེ་བའི“རྒྱལ་ཁབ་ཀྱི་ཁ་གསབ”རྒྱུན་མཐུད་སྤྲོད་རྒྱུ་ཡིན་པ།
ཉེ་ཆར་འབྲེལ་ཡོད་སྡེ་ཚན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། འཛད་ཟོག་རྙིང་པ་གསར་པར་བརྗེ་ཤུགས་ཆེ་རུ་དང་ཁྱབ་རྒྱ་ཆེ་རུ་གཏོང་བའི་སྲིད་ཇུས་ལ་འགྱུར་ལྡོག་མེད་པ་དང་ཁ་གསབ་མ་དངུལ་སྤྱོད་ཚད་སྔོན་དཔག་དང་མཐུན་པས། དུས་ཚིགས་གསུམ་པ་དང་བཞི་པར་ཀྲུང་དབྱང་གི་མ་དངུལ་གཅིག་རྗེས་གཉིས་མཐུད་ངང་གཤམ་སྤྲོད་བྱ་རྒྱུ་རེད།
ད་ལོ་ཚུན་དུ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་ལྟར། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་དང་། ནོར་སྲིད་པུའུ། ཚོང་དོན་པུའུ་སོགས་འབྲེལ་ཡོད་སྡེ་ཚན་གྱིས་ཐུན་མོང་ཐོག“གསར་གཉིས”སྲིད་ཇུས་ལག་ལེན་བསྟར་ཤུགས་ཆེ་རུ་དང་ཁྱབ་རྒྱ་ཆེ་རུ་བཏང་སྟེ། 2024ལོའི་ཉམས་མྱོང་དང་བྱེད་སྟངས་ཡག་པོ་རྒྱུན་མཐུད་ཀྱིས་ས་གནས་ལ་རྒྱལ་བུན་མ་དངུལ་སྒོར་དུང་ཕྱུར་3000ཐད་ཀར་བཀོད་སྒྲིག་བྱས་ནས་འཛད་ཟོག་རྙིང་པ་གསར་པར་བརྗེ་ཤུགས་ཆེ་རུ་དང་ཁྱབ་རྒྱ་ཆེ་རུ་གཏོང་བ་དང་ད་ལོ་ལོ་ཧྲིལ་པོར་ལག་བསྟར་བྱེད་རྒྱུ་རེད། ད་ལོའི་ཟླ་བ་དང་པོ་དང་བཞི་པར་ཀྲུང་དབྱང་གི་མ་དངུལ་ཁག་གཉིས་བསྡོམས་སྒོར་དུང་ཕྱུར་1620གཤམ་སྤྲོད་བྱས་ཏེ། ས་གནས་ཀྱིས་དུས་ཚིགས་དང་པོ་དང་གཉིས་པའི་འཛད་ཟོག་རྙིང་པ་གསར་པར་བརྗེ་བའི་ལས་དོན་ཡག་པོ་སྒྲུབ་པར་རྒྱབ་སྐྱོར་བྱས་ཡོད། ཟླ་བ་བདུན་པ་དང་བཅུ་པར་དུས་ཚིགས་གསུམ་པ་དང་བཞི་པའི་རྙིང་པ་གསར་པར་བརྗེ་བར་རྒྱབ་སྐྱོར་བྱེད་པའི་ཀྲུང་དབྱང་གི་མ་དངུལ་བསྡོམས་སྒོར་དུང་ཕྱུར་1380གཤམ་སྤྲོད་བྱ་རྒྱུ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། མིག་སྔར་རྒྱལ་ཡོངས་ཀྱི་འཛད་ཟོག་རྙིང་པ་གསར་པར་བརྗེ་བའི་ཁ་གསབ་མ་དངུལ་སྤྱོད་ཚད་ཀྱིས་ལོ་ཧྲིལ་པོའི་གཞི་ཁྱོན་གྱི་50%བཟུང་ནས་སྤྱི་ཡོངས་ཀྱི་སྤྱོད་ཚད་སྔོན་དཔག་དང་མཐུན་ཡོད། “རྒྱལ་ཁབ་ཀྱི་ཁ་གསབ”མ་དངུལ་ལ་ཁག་གསུམ་ཚུད་ཡོད་པ་སྟེ། གཅིག་ནི་ཀྲུང་དབྱང་གིས་གཤམ་སྤྲོད་བྱས་པའི་དུས་ཡུན་ཆེས་རིང་བའི་དམིགས་བསལ་རྒྱལ་བུན་མ་དངུལ་ཡིན་པ་དང་དེའི་གཞི་ཁྱོན་ན་ནིང་ལས་ལྡབ་གཅིག་འཕར་བ་དང་། གཉིས་ནི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། ས་གནས་ཀྱིས་ཀྲུང་དབྱང་གི་གཤམ་སྤྲོད་མ་དངུལ་གྱི་རྨང་གཞིའི་ཐོག་བསྡུར་ཚད་ལྟར་སྡེབ་སྒྲིག་བྱས་ཏེ་སྤྱི་ཡོངས་ཀྱི་9བསྡུར་1གི་རྩ་དོན་ལྟར་ཀྲུང་དབྱང་དང་ས་གནས་ཀྱིས་མཉམ་དུ་གཏོང་བ། གསུམ་ནི་ས་གནས་ཁག་གཅིག་གིས་ད་དུང་ས་གནས་དེ་གའི་ལས་ཀའི་འཕེལ་རིམ་ལག་བསྟར་བྱས་ཚུལ་དང་ཟུང་འབྲེལ་བྱས་ནས། ཀྲུང་དབྱང་གིས་གཤམ་སྤྲོད་བྱས་པ་དང་དེ་བཞིན་བསྡུར་ཚད་ལྟར་སྡེབ་སྒྲིག་བྱས་པའི་མ་དངུལ་ཕུད་ས་གནས་ཀྱི་མ་དངུལ་འཐོལ་པ་བཀོད་སྒྲིག་བྱེད་པ་བཅས་རེད།
ཚོང་དོན་པུའི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར། མིག་སྔའི་བར་ད་ལོའི་འཛད་ཟོག་རྙིང་པ་གསར་པར་བརྗེ་བ་ལས་ཕྱིར་ཚོང་དངུལ་འབོར་ལ་སྐུལ་ཁྲིད་ཐུབ་ཚད་ན་ནིང་གི་ལོ་ཧྲིལ་པོ་ལས་བརྒལ་ཡོད། སྤྱི་ཡོངས་ནས་བལྟས་ན། ད་ལོ་ཚུན་དུ་འཛད་ཟོག་རྙིང་པ་གསར་པར་བརྗེ་བའི་སྲིད་ཇུས་ལ་མུ་མཐུད་ཕན་འབྲས་མངོན་གསལ་དོད་པོ་ཐོན་ནས། འཛད་སྤྱོད་རྒྱུན་མཐུད་རྒྱ་ཆེར་འགྲོ་བར་སྐུལ་འདེད་ནུས་ལྡན་ཐེབས་པ་དང་ཐོན་ལས་གཞན་སྒྱུར་དང་རིམ་སྤོར་ལ་སྐུལ་ཁྲིད་མངོན་གསལ་དོད་པོ་ཐུབ་ཡོད། གོམ་སྟབས་རྗེས་མར། ས་གནས་ཁག་གི་ཚོང་དོན་གཙོ་གཉེར་སྡེ་ཚན་ལ་བཀོད་སྒྲིག་བྱས་པའི་རྒྱབ་སྐྱོར་མ་དངུལ་བེད་སྤྱོད་ཡག་པོ་བྱེད་པ་དང་། ཁྱབ་ཁོངས་དང་དུས་མཚམས་དབྱེ་ནས་མ་དངུལ་སྤྱོད་པའི་ཇུས་གཞི་ཞིབ་ཕྲ་བཟོ་བ། འཛད་ཟོག་རྙིང་པ་གསར་པར་བརྗེ་བར་བརྟན་ཞིང་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་བ། འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་ཐོན་རྫས་ཀྱི་སྤུས་ཚད་དང་རིན་གོང་ལ་ལྟ་འདོམས་བྱེད་ཤུགས་ཆེ་རུ་གཏོང་བ། དེའི་ནང་ཞུགས་པའི་ཁེ་ལས་ཀྱིས་ཁྲིམས་དང་མཐུན་ལ་སྒྲིག་སྲོལ་དང་མཐུན་པའི་ངང་གཉེར་སྐྱོང་བྱེད་པར་སྐུལ་འདེད་གཏོང་བ། ཁ་གསབ་གཡོ་ལེན་སྔོན་འགོག་ནན་པོ་བཅས་བྱས་ཏེ་སྲིད་ཇུས་ཚད་ལྡན་དང་གོ་རིམ་ལྡན་པའི་སྒོ་ནས་ལག་ལེན་བསྟར་བར་འགན་ལེན་བྱེད་དགོས་པའི་བླང་བྱ་འདོན་རྒྱུ་རེད།