དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • དམངས་ཀྱི་འཕྲལ་མཁོ་དཀའ་ངལ་དང་སེམས་ཁྲལ་རེ་སྒུག་གི་གནད་དོན་ཐག་གཅོད་བྱེད་པར་ཤུགས་བརྒྱབ་པ།

    ​—— དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་བའི་ལས་དོན་གྱི་མཐོང་ཐོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-06-24

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ང་ཚོས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་ཀྱི་རེ་འདོད་དེ་འབད་འཐབ་དམིགས་ཚད་དུ་བརྩི་རྒྱུ་མཐའ་འཁྱོངས་དང་། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ཏེ། དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་བར་ཤུགས་བརྒྱབ་ཐོག་མི་དམངས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་བྱེད་པར་ཤུགས་བརྒྱབ་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་གྲུབ་འབྲས་ཀྱིས་མི་དམངས་ཡོངས་ལ་དེ་བས་དྲང་གཞག་ངང་ཕན་པ་སྔར་བས་མང་བ་ཐོབ་པར་བྱེད་དགོས”ཞེས་གསུངས་ཡོད།

    ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གི《དམངས་འཚོ་སྔར་བས་འགན་ལེན་དང་ལེགས་སུ་བཏང་ནས་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་བྱེད་པར་ཤུགས་རྒྱག་རྒྱུའི་སྐོར་གྱི་བསམ་འཆར》གཞིར་བཟུང་དམངས་སེམས་དྲོ་བར་བྱེད་པའི་སྲིད་ཇུས་དང་བྱེད་ཐབས་རབ་དང་རིམ་པ་བཏོན་ཏེ། དམངས་འཚོ་འཛུགས་སྐྱོང་དེ་བས་དྲང་གཞག་དང་། དོ་མཉམ། ཀུན་ཕན། ཡོངས་ཁྱབ་བཅས་ཡོང་བར་སྐུལ་འདེད་བཏང་ཡོད།

    མཐའ་ཚད་བསྲུངས་ནས་ཡོང་འབབ་དམའ་བའི་ཚོཌ་སྤྱིར་ཐ་སྐྱོང་རོཌ་སྐྱོར་བྱེད་པར་ཤུགས་སྣོན་བརྒྱབ་པ།

    “འཚེམ་ཁ་ཞིབ་ཙམ་བཙེམས་ན་དེ་བས་སྙིང་རྗེ་པོ་ཆགས་ཀྱི་རེད” སྔ་དྲོའི་ཆུ་ཚོད་10པར་ལི་ཙུའུ་གྲོང་ཚོའི“བྱེ་ཐང་གི་བཟོ་ཁང”ནང་ཡུལ་མི་ཚོས་རྩེད་ཆས་འཚེམ་བཟོ་དང་ཚོས་རྒྱག་ལ་བྲེལ་བཞིན་ཡོད།

    “བྱེ་ཐང་གི་བཟོ་ཁང”ནི་ཕ་ཡུལ་དུ་ཕྱིར་ལོག་པའི་གཞོན་ནུ་ཚོས་བཙུགས་པ་ཞིག་ཡིན་ཞིང་། དེ་རུ་གྲོང་ཚོའི་བུད་མེད་20ལྷག་ཙམ་རང་ཁྱིམ་གྱི་སྒོ་རྩར་ལས་ཞུགས་ཐུབ་ཡོད།

    “འདི་གར་མི་བསྡུ་གི་འདུག ནང་ལས་མང་པོ་མེད་ཙང་ངས་ལག་ཤེས་ཚོགས་པ་འདིར་མིང་ཐོ་བཀོད་པ་ཡིན” ཡུལ་མི་ཁྲིན་མེ་དབྱིང་གིས་མཛུབ་རྩིས་ཤིག་བརྒྱབ་ནས་ཉིན་གླ་སྒོར་100ལྷག་ཙམ་ཡོད་པས་ཟླ་རེར་ཡོང་འབབ་སྒོར་3000ཙམ་འདུག་ཅེས་བཤད།

    སྔར་ལས་ལྷག་པའི་སྒོ་ནས་དམངས་འཚོའི་མཐའ་ཚད་བརྟན་པོ་སྲུང་བ་དང་དམངས་འཚོ་འགན་ལེན་གྱི་བདེ་འཇགས་དྲ་བ་ཚགས་དམ་དུ་གཏོང་རྒྱུར་དམིགས་ཏེ། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ཡོང་འབབ་དམའ་བའི་ཚོགས་སྤྱིར་ཐ་སྐྱོང་རོགས་སྐྱོར་བྱེད་པར་ཤུགས་བརྒྱབ་སྟེ་ཡོང་འབབ་དམའ་བའི་མི་འབོར་རང་ས་རང་ཡུལ་དང་ཐག་ཉེ་སར་ལས་ཞུགས་ཐུབ་ནས་འབབ་འཕར་ཡོང་བར་སྔོན་ལ་སྐུལ་ཁྲིད་བྱས་པ་དང་། སྤྱི་ཚོགས་འགན་བཅོལ་དང་། སྤྱི་ཚོགས་རོགས་སྐྱོབ། སྤྱི་ཚོགས་ཕན་བདེ་བཅས་ཀྱི་ལམ་ལུགས་སྦྲེལ་མཐུད་ལ་ཤུགས་སྣོན་བརྒྱབ་ནས་དཀའ་ངལ་ཡོད་པའི་ཚོགས་སྤྱིར་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་སྤྱི་ཚོགས་འགན་བཅོལ་གྱི་གྲོན་དངུལ་ཚབ་འཇལ་སྲིད་ཇུས་སོགས་གནད་སྨིན་དོན་འཁྱོལ་བྱས་ཡོད།

    ཀུན་ཕན་ལ་མཐོང་ཆེན་བྱས་ནས་གཞི་རྩའི་དམངས་འཚོའི་ཞབས་ཞུའི་ཀུན་ཕན་རང་བཞིན་ཆེ་རུ་བཏང་བ།

    “ཁྱེད་ཚོའི་བཀའ་དྲིན་གྱིས། བདེ་རུ་ཞེ་དྲགས་ཕྱིན་པའི་ཚོར་སྣང་འདུག” མི་རིང་བའི་གོང་ཧྥུའུ་ཅན་སན་མིང་གྲོང་ཁྱེར་ཧྲ་ཤན་ཆུས་སྤྱི་ཁྱབ་སྨན་ཁང་གི་ཕྱི་ནད་ཚན་ཁག་ལྔ་པའི(སྐྲན་ནད་ཚན་ཁག)སྒོ་བསྟེན་སྨན་བཅོས་ཁང་དུ། ཧྲ་ཤན་ཆུས་ཀའོ་ཆའོ་གྲོང་རྡལ་གྱི་མཁྱེན་ལྡན་མ་ཀྲང་གཟུགས་པོར་ཡང་བསྐྱར་བརྟག་དཔྱད་བྱེད་བཞིན་ཡོད།

    ད་ལོའི་ལོ་འགོར་ཧྲ་ཤན་ཆུས་སྤྱི་ཁྱབ་སྨན་ཁང་སྐྲན་ནད་ཚན་ཁག་གི་གཤམ་སྐྱོད་སྐོར་སྐྱོད་བརྟག་དཔྱད་རུ་ཁག་ཀའོ་ཆའོ་གྲོང་རྡལ་དུ་འབྲས་སྐྲན་སྔོན་འགོག་གི་བློ་འདྲིའི་བྱེད་སྒོ་སྤེལ་བར་སླེབས་པས། མཁྱེན་ལྡན་མ་ཀྲང་དེ་གར་བློ་འདྲི་བྱེད་པར་བསྐྱོད། སྨན་པས་ཁོང་གློ་རྒྱལ་ལངས་པ་མཐོང་ནས་བརྟག་དཔྱད་བྱས་རྗེས། ཁོང་ལ་གློ་ནད་ཡོད་པ་རགས་ཙམ་ཤེས། དེ་མུར་མཁྱེན་ལྡན་མ་ཀྲང་ཀའོ་ཆའོ་གྲོང་རྡལ་འཕྲོད་བསྟེན་ཁང་དུ་གློག་པར་བརྒྱབ་པར་ཕྱིན་པས“གློ་བར་གྲིབ་ནག”ནད་རྟགས་ཡོད་པ་མངོན་ཡོད།

    ཉིན་གཉིས་པར་ཁོང་ཧྲ་ཤན་ཆུས་སྤྱི་ཁྱབ་སྨན་ཁང་དུ་སོང་ནས་དཔེ་གཞི་གསོན་པོའི་བརྟག་དཔྱད་དང་ནད་ལུགས་ཞིབ་དཔྱད་སོགས་ཀྱི་བརྟག་དཔྱད་བྱས་མཐར་གློ་བའི་འབྲས་སྐྲན་ཡིན་པ་རྩད་ཆོད། དེས་ན་སྐྲན་ནད་ཚན་ཁག་གི་སྨན་བཅོས་ཚོགས་པས་ཁོང་ལ་སྨན་རྫས་འབེན་གཏད་གསོ་བཅོས་ཀྱི་ཇུས་གཞི་བཟོས་པས་མིག་སྔར་ནད་གཞི་ཚོད་འཛིན་ཡག་པོ་ཐུབ་ཡོད་པ་རེད།

    མཁྱེན་ལྡན་མ་ཀྲང་གི་གནས་ཚུལ་ནི་ཧྲ་ཤན་ཆུས་ཀྱིས་སྨན་བཅོས་སྒྱུར་བཅོས་གཏིང་ཟབ་བྱས་པའི་བསྡུས་རིས་ཤིག་རེད། ཉེ་བའི་ལོ་ཤས་རིང་། ཧྲ་ཤན་ཆུས་ཀྱིས་འབྲེལ་ཟབ་རྣམ་པའི་རྫོང་ཁོངས་སྨན་བཅོས་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ། སྨན་ཁང་ཆེ་གྲས་ཀྱིས་རོགས་སྐྱོར་བྱེད་པ་དང་། ཧྲ་ཤན་ཆུས་ཀྱི་སྤྱི་ཁྱབ་སྨན་ཁང་སྟོབས་ཆེར་གཏོང་བ། གཤམ་སྐྱོད་སྐོར་སྐྱོད་བརྟག་དཔྱད་བྱེད་པ་སོགས་ཀྱི་བྱ་ཐབས་བརྒྱུད་རྫོང་ཁོངས་ཀྱི་སྨན་བཅོས་ཞབས་ཞུའི་ནུས་པ་མཐོ་རུ་ནུས་ལྡན་བཏང་ཡོད།

    སྨན་བཅོས་འཕྲོད་བསྟེན་གྱི་ཐོན་ཁུངས་སྤུས་ལེགས་མཉམ་སྤྱོད་བྱ་རྒྱུར་སྐུལ་འདེད་གཏོང་བ་ནས་སློབ་གསོའི་ཐོན་ཁུངས་ཀྱི་སྤུས་ཀ་ལེགས་སུ་གཏོང་བར་རྒྱབ་སྐྱོར་དང་སྐུལ་འདེད་གཏོང་བའི་བར། མང་ཚོགས་སྔར་བས་མང་བར་དེ་བས་སྤུས་ལེགས་ཀྱི་གཞི་རྩའི་དམངས་འཚོའི་ཞབས་ཞུ་ལོངས་སུ་སྤྱོད་རྒྱུ་བྱུང་བ་སོགས་ཀུན་ཕན་སྲིད་ཇུས་དང་བྱ་ཐབས་རེ་རེས་དམངས་འཚོར་དངོས་དངོས་རྗེན་རྗེན་གྱི་དོ་ཁུར་བྱས་པ་མཚོན་ཐུབ།

    འགན་ལེན་ལ་ཤུགས་སྣོན་བརྒྱབ་ནས་གཞི་རྩའི་སྤྱི་པའི་ཞབས་ཞུའི་དོ་སྙོམས་རང་བཞིན་ཆེ་རུ་བཏང་བ།

    ལེའོ་ཉིང་ཧྲེན་དབྱང་གྲོང་ཁྱེར་ཏ་ཏུང་ཆུས་ཁྲང་ཨན་ཁྲོམ་གཞུང་ཁྲང་ཨན་སྡེ་ཁུལ་གྱི“རྒན་རྒོན་གྱི་ཟ་ཁང”དུ་ལྟོ་དུས་ལ་སླེབས་རིམ་བཞིན་རྒན་རྒོན་གྱིས་ཁེངས་ཀྱི་ཡོད། གཙང་སྦྲ་དོད་པའི་ཐབ་ཚང་དུ་མ་བྱན་གྱིས་རྒན་རྒོན་ལ་འཕྲོད་པའི་བཅུད་ལྡན་ཟས་རིགས་ནན་ཏན་ངང་བཟོ་བཞིན་ཡོད།

    “ང་ཚོས་རྒན་རྒོན་ཚོར་ཉིན་ལྟར་ལྟོ་དུས་གཉིས་བཏང་ནས་རྒན་རྒོན་ཚོར‘ལྟོ་ཆས་མི་རག་པའི’གནད་དོན་བསལ་ཡོད། ལོ་90ཡན་གྱི་རྒན་རྒོན་ཚོས་རིན་མེད་ངང་ལྟོ་ཆས་ཟ་ཆོག་པས་ཟ་ཁང་དུ་ཉིན་ལྟར་ལྟོ་ཆས་ཟ་མཁན་མི་ཐེངས་བརྒྱ་ལྷག་ཟིན་གྱི་ཡོད”ཅེས་ཁྲང་ཨན་སྡེ་ཁུལ་གྱི་ཏང་ཨུད་ཀྱི་ཧྲུའུ་ཅི་ཚའོ་ཞུའེ་ཡིས་བཤད།

    སྤྱི་ཚོགས་འགན་སྲུང་གི་དྲང་བཞག་རང་བཞིན་དང་གཞི་རྩའི་སྤྱི་པའི་ཞབས་ཞུའི་དོ་སྙོམས་རང་བཞིན་ཆེ་རུ་བཏང་ཞིང་། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་རྒན་གསོ་དང་། བུ་བཅོལ། ཁྱིམ་ལས། ལྟོ་ཆས་ཐད་རོགས་རམ། དབང་སྐྱོན་ལ་རོགས་རམ་སོགས་ཀུན་ཕན་གྱི་སྤྱི་ཚོགས་ཞབས་ཞུ་སྡེ་ཁུལ་དུ་སྤེལ་བར་རྒྱབ་སྐྱོར་བྱས་ནས་མང་ཚོགས་ཀྱི་སྒོ་རྩའི་སྡེ་ཁུལ་ཞབས་ཞུ་འཕེལ་རྒྱས་བཏང་ཡོད། རྒྱལ་ཁབ་ཀྱི་གཞི་རྩའི་སྤྱི་པའི་ཞབས་ཞུའི་ད་ལྟ་ལག་ལེན་བསྟར་མུས་ཀྱི་ཚད་གཞི་དང་གཏན་འབེབས་ཀྱི་ཞབས་ཞུའི་རྣམ་གྲངས་ཁག་81ཁྲོད་རྣམ་གྲངས་ཁག་62རྒྱུན་སྡོད་ས་གནས་སུ་མཁོ་འདོན་ཐུབ་ཡོད།

    མ་དངུལ་དང་ཐོན་ཁུངས་སྔར་བས་མང་བ“མི་ལ་གཏོང་བ”དང་དམངས་འཚོར་ཞབས་འདེགས་ཞུ་བའི་ཐད་གཏོང་བར་སྐུལ་འདེད་བཏང་ཞིང་། ད་ལོ་ཚུན། རང་རྒྱལ་གྱིས་གཞི་ཆེའི་སྲིད་ཇུས་ཀྱི་དམངས་འཚོའི་སྟོན་ཕྱོགས་ལ་ཤུགས་སྣོན་ཟམ་མི་ཆད་པར་བརྒྱབ་ནས་ནོར་སྲིད་ཀྱིས་དམངས་འཚོའི་ཁྱབ་ཁོངས་ལ་མ་དངུལ་གཏོང་ཤུགས་སྔར་བས་ཆེ་རུ་བཏང་ཡོད།

    མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་ཀྱི་རེ་འདོད་དེ་ཞིབ་ཕྲའི་ལས་དོན་རེ་རེའི་ཁྲོད་ཁྱབ་པར་བྱས་པ་དང་། མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་བྱེད་པར་ཤུགས་རྒྱག་རྒྱུ་དེ་ཞིབ་ཕྲའི་བྱ་སྤྱོད་རེ་རེའི་ཐོག་འཁྱོལ་བར་བྱས་ན། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་གྲུབ་འབྲས་ཀྱིས་མི་དམངས་ཡོངས་ལ་དེ་བས་དྲང་གཞག་ངང་ཕན་པ་སྔར་བས་མང་བ་ཐོབ་ངེས་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།