ཀྲུང་གོའི་རླངས་འཁོར་གྱིས་ཇི་ལྟར་བྱས་ནས་ཨེ་ཤེ་ཡ་དབུས་མའི་ཁྲོམ་རར་རྐང་པ་བཙུགས་ཡོད་དམ།
འདི་ནི་ཨ་སི་ཐ་ནར་གནས་པའི་ཅང་ཧོའེ་རླངས་འཁོར་གྱི་4Sཚོང་ཁང་དུ་འཛད་སྤྱོད་པས་འབྲེལ་ཡོད་ཆ་འཕྲིན་བློ་འདྲི་བྱེད་བཞིན་པ།
ཟླ་དྲུག་པའི་ཧ་སག་སི་ཐན་གྱི་རྒྱལ་ས་ཨ་སི་ཐ་ནར་ཉི་འོད་རབ་ཏུ་འཚེར་ལ་དྲོད་རླུང་བསིལ་བསིལ་ལྡང་། ལམ་བར་དུ་འཁོར་རིགས་ཀྱི་རྒྱུན་ཆད་རྒྱུ་མེད་པ་དང་། དེའི་ནང་ཀྲུང་གོའི་སྤུས་རྟགས་ཀྱི་རླངས་འཁོར་མང་པོ་མཐོང་རྒྱུ་ཡོད།
ཨ་སི་ཐ་ན་ཡི་ཐུའུ་ལན་ཁྲོམ་གཞུང་དུ་ཨན་ཧུའེ་ཅང་ཧོའེ་རླངས་འཁོར་ཚོགས་པ་མ་རྐང་ཚད་ཡོད་ཀུང་སི(གཤམ་དུ“ཅང་ཧོའེ་རླངས་འཁོར”ཞེས་བསྡུ་རྒྱུ)ཡི་4Sཚོང་ཁང་ནང་བྲིན་ཚོང་པུའི་ཅིང་ལི་ལུའུ་སི་ལན་གྱིས་ཚོང་ཤག་ལ་ཐོན་རྫས་ངོ་སྤྲོད་བྱེད་བཞིན་འདུག “J7Pདབྱིབས་ཀྱི་རླངས་འཁོར་འདི་ཉོ་མཁན་མང་པོ་འདུག རླངས་འཁོར་ཉོས་ན་ཚོང་ཁང་ནས་ད་དུང་གཟིགས་སྐྱོང་མང་པོ་འདུག ཉེ་དུས་ཚོང་ཁང་ནང་རླངས་འཁོར་ཉོ་བར་ཡོང་མཁན་མང་པོ་འདུག”ཅེས་ལུའུ་སི་ལན་གྱིས་བརྗོད་བྱུང་།
2014ལོར་ཅང་ཧོའེ་རླངས་འཁོར་གྱིས་ཧ་སག་སི་ཐན་གྱི་ཁྲོམ་ར་གསར་འབྱེད་བྱེད་འགོ་བཙུགས་ཡོད། 2015ལོའི་ལོ་མཇུག་ཏུ་ཐོན་རྫས་ཁག་ཐོག་མ་དེ་ཧ་སག་སི་ཐན་དུ་བདེ་བླག་ངང་སྒྲིག་སྦྱོར་ཟིན་ནས་ཁྲོམ་རར་དུས་མཉམ་དུ་བཏོན་ཡོད། མིག་སྔའི་བར་ཅང་ཧོའེ་རླངས་འཁོར་གྱི་བྲིན་ཚོང་ཁྲོམ་ར་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ལྔ་ལ་ཁྱབ་ཟིན་པ་དང་། 4Sཚོང་ཁང་100ལྷག་ཙམ་ཡོད།
ཁུའུ་སི་ཐ་ནའེ་གྲོང་ཁྱེར་ནི་གྲགས་ཅན་གྱི“རླངས་འཁོར་གྲོང”ཡིན་ལ། ཧ་སག་སི་ཐན་གྱི་རླངས་འཁོར་ཐོན་སྐྱེད་བཟོ་གྲྭ་ཆེ་ཤོས་ཨ་ལུའུ་ཨེར་ཚོགས་པའི་བཟོ་གྲྭ་གནས་སའང་ཡིན། ཅང་ཧོའེ་རླངས་འཁོར་གྱིས་འདི་གར་ཡང་4Sཚོང་ཁང་བཙུགས་ཡོད།
འདི་ལོ་ལོ་36ལ་སླེབས་པའི་ཧྥོ་ལ་ཅི་སྨི་ཨེར་ལོ་10ལྷག་ཙམ་གྱི་གོང་ནས་ཅང་ཧོའེ་རླངས་འཁོར་གྱི་བྲིན་ཚོང་པ་ཞིག་ཏུ་གྱུར་ཡོད། “སྐབས་དེ་དུས་ང་རིམ་པ་གསུམ་པའི་ལས་ཚབ་ཚོང་བདག་ཅིག་ཡིན། ཟླ་བ་རེར་རླངས་འཁོར་བཅུ་ཙམ་ལས་འཚོང་ཐུབ་ཀྱི་མི་འདུག སྐབས་དེ་དུས་ངའི་ཟླ་རེའི་གླ་ཆ་མི་དམངས་ཤོག་སྒོར་ལ་ཕབ་ན་སྒོར་3000ལས་མེད”ཅེས་ཧྥོ་ལཱ་ཅི་སྨི་ཨེར་གྱིས་འདས་དོན་ལ་དྲན་གསོ་བྱེད་བཞིན་བརྗོད། ཅང་ཧོའེ་རླངས་འཁོར་གྱི་ཁྲོམ་རའི་ཐོབ་སྐལ་རིམ་བཞིན་ཆེ་རུ་ཕྱིན་པ་དང་བསྟུན་ནས་ཚོང་ཇེ་ཡག་ཏུ་ཕྱིན་པ་དང་། རང་ཉིད་ཀྱང་དྲ་ཚིགས་ཀྱི་འགན་འཁུར་བར་གྱུར་བྱུང་། ཁོང་གིས“ད་ཆ་ང་ཚོས་བཟོ་གྲྭ་ནས་ཐད་ཀར་དངོས་ཟོག་བླངས་ཆོག་པས་བྲིན་ཚོང་པའི་གཞི་རྩའི་གླ་ཆ་མི་དམངས་ཤོག་སྒོར་ལ་ཕབ་ན་སྒོར་4500བར་འཕར་ཡོད། རླངས་འཁོར་ཞིག་འཚོང་ཐུབ་ན་ཁེ་འཐེན་ཡོད་པས་ཡོང་འབབ་འདི་ལྟ་བུ་ང་ཚོའི་ངོས་ནས་བརྗོད་ན་ཧ་ཅང་ཡག་པོ་རེད”ཅེས་བརྗོད།
ཧྥོ་ལཱ་ཅི་སྨི་ཨེར་གྱིས་ཟེར་བའི་བཟོ་གྲྭ་དེ་ནི་ཨ་ལུའུ་ཨེར་ཚོགས་པའི་རླངས་འཁོར་བཟོ་གྲྭ་ཡིན་ཞིང་། “2019ལོར་ཀུན་སྤྱོད་ལག་རྩལ་ཚོགས་པའི་མངའ་འོག་གི་ཀྲུང་གོ་འཕྲུལ་ཆས་ཕྱིར་གཏོང་ནང་འདྲེན་ཀུང་སི་དང་ཅང་ཧོའེ་རླངས་འཁོར་གྱིས་ཨ་ལུའུ་ཨེར་ཚོགས་པར་མཉམ་དུ་མ་འཇོག་བྱས་ཡོད། དེ་ནི་ཀྲུང་གོའི་ཁེ་ལས་ཀྱིས་ཨེ་ཤེ་ཡ་དབུས་མའི་ས་ཁུལ་གྱི་རླངས་འཁོར་བཟོ་ལས་ཁྱབ་ཁོངས་ཀྱི་མཉམ་ལས་རྣམ་གྲངས་ཐོག་མ་དེ་རེད”ཅེས་ཅང་ཧོའེ་རླངས་འཁོར་ཧ་སག་སི་ཐན་གྱི་རྣམ་གྲངས་པུའི་ཅིང་ལི་སུན་ཡ་ཧྥུང་གིས་བརྗོད།
ཐོན་ལས་མཉམ་ལས་ཀྱིས་ཀྱང་ལས་གནས་དེ་བས་མང་བ་མཁོ་འདོན་བྱས་ཡོད། “མཉམ་ལས་མ་བྱས་གོང་ཨ་ལུའུ་ཨེར་ཚོགས་པར་ལས་མི་1200ཙམ་ཡང་ཟིན་གྱི་མེད་པ་དང་། མིག་སྔར་ལས་མིའི་བསྡོམས་འབོར་4000ཙམ་ཟིན་ཡོད”ཅེས་སུན་ཡ་ཧྥུང་གིས་ངོ་སྤྲོད་བྱས།
འདི་ལོ་ལོ་26ལ་སླེབས་པའི་ཡ་ལི་ཧྲན་ཏ་ནི་ལས་མི་དེ་ཚོའི་གྲས་ཤིག་རེད། ཁོང་ད་ཆ་ཨ་ལུའུ་ཨེར་ཚོགས་པའི་ལག་རྩལ་བཟོ་པའི་འགན་འཁུར་མཁན་རེད། “དང་ཐོག་མར་ང་ནི་ཐོན་སྐྱེད་ལས་རིམ་གྱི་སྐམ་འཛིན་བཟོ་པ་ཞིག་ཡིན། ཟླ་རེའི་གླ་ཆ་མི་དམངས་ཤོག་སྒོར་ལ་ཕབ་ན་སྒོར་1200ཙམ་ལས་མེད། ལག་རྩལ་གསོ་སྦྱོང་ནང་ཐེངས་མང་ཞུགས་རྗེས་ང་ལག་རྩལ་བཟོ་པའི་འགན་འཁུར་བར་གྱུར་ནས་གླ་ཆ་ཡང་སྒོར་7000བར་འཕར་སོང”ཞེས་ཡ་ལི་ཧྲན་ཏ་ཡིས་བརྗོད།
ད་ཆ་རླངས་འཁོར་ཐོན་ལས་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་མཉམ་ལས་བྱེད་པའི་ཁྱབ་ཁོངས་མངོན་གསལ་དོད་པོར་འགྱུར་བཞིན་ཡོད། མཉམ་ལས་རྒྱུན་མཐུད་གཏིང་ཟབ་ཏུ་ཕྱིན་པ་བརྒྱུད་གྲུབ་འབྲས་དེ་བས་མང་བ་ཐོན་ནས་ས་གནས་དེ་གའི་མང་ཚོགས་འབབ་འཕར་ཕྱུག་འགྱུར་དང་ས་ཁོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་གསོན་ཤུགས་དེ་བས་མང་བ་སྣོན་རྒྱུ་རེད།