རི་ནེ་ཝར“འཕེལ་རྒྱས་ཀྱི་དབང་ཆར་སྐུལ་འདེད་དང་སྲུང་སྐྱོང་བྱེད་པའི”བརྗོད་དོན་གཙོ་བོའི་ཟུར་ཚོགས་འཚོཌ་པ།
མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་སྐབས་ང་དགུ་པའི་རིང་། ཀྲུང་གོ་མཉམ་འབྲེལ་རྒྱལ་ཚོགས་མཐུན་ཚོགས་དང་རི་ནེ་ཝར་རྒྱུན་སྡོད་ཀྲུང་གོའི་འཐུས་མི་ཚོགས་པས་ཉིན་ཤས་གོང་རི་ནེ་ཝར“འཕེལ་རྒྱས་ཀྱི་དབང་ཆར་སྐུལ་འདེད་དང་སྲུང་སྐྱོང་བྱེད་པའི”བརྗོད་དོན་གཙོ་བོའི་ཟུར་ཚོགས་མཉམ་དུ་འཚོགས་པ་རེད། རི་ནེ་ཝའི་རིག་མཛོད་ཀྱི“ཡོངས་ཁྱབ་ཁེ་དབང་རྩ་འཛུགས”ཀྱི་ལག་བསྟར་ཀྲུའུ་རེན་མཱ་ཁེ·ལི་མོང་དང་། སུའེ་ཙེར་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་དང་སྤྱི་ཚོགས་འཕེལ་རྒྱས་མཐུན་ཚོགས་ཀྱི་བློ་འདྲི་བ་ཏ་ཝེ·ལུའོ་ཕེ་སི། ཕ་རི་སིའི་ཨོ་རྩལ་འགྲན་ཚོགས་ཀྱི་བུད་མེད་མི་སྒེར་གྱི་གྲི་ལྗིད་རྣམ་གྲངས་ཀྱི་ཨང་དང་པོ་ཐོབ་མཁན་ཅང་མིན་ཧུའེ་སོགས་སྐུ་མགྲོན་གྱིས་གཏམ་བཤད་སྤེལ་བ་དང་། རི་ནེ་ཝར་བཅའ་སྡོད་རྒྱལ་ཁབ་ཁག་གི་འཐུས་མི་ཚོགས་པ་དང་། རི་ནེ་ཝར་བཅའ་སྡོད་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་གཞི། སྲིད་གཞུང་མིན་པའི་རྩ་འཛུགས་ཀྱི་འཐུས་མི་སོགས་ཚོགས་འདུར་ཞུགས་པ་རེད།
ཚོགས་ཞུགས་སྐུ་མགྲོན་གྱིས་བརྗོད་དོན། མིག་སྔར་འཕེལ་རྒྱས་ཀྱི་དབང་ཆ་མངོན་འགྱུར་བྱེད་པར་རྒྱལ་སྤྱིའི་དཔལ་འབྱོར་སྒྲིག་ལམ་འདྲ་མཉམ་མིན་པ་དང་། དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱིས་རྒྱལ་སྤྱིའི་འོས་འགན་ལག་བསྟར་གང་ལེགས་མ་བྱས་པ། འཕེལ་རྒྱས་ཀྱི་མཚལ་ཡིག་ཛ་དྲག་ཏུ་འགྲོ་བ། གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་གི་ནུས་པ་ཤོར་བ་སོགས་ཀྱི་འགོག་རྐྱེན་འཕྲད་ཡོད། ཨ་རི་སྲིད་གཞུང་གིས་ཚོང་དོན་དང་སྒོ་ཁྲལ་མཚོན་ཆ་ཅན་དང་ཆབ་སྲིད་ཅན་དུ་སྒྱུར་བ་དང་དེའི་སྒོ་ཁྲལ་སྲིད་ཇུས་ཀྱིས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་བཟོ་ལས་ཅན་དང་། དབུལ་སྒྲོལ། དཔལ་འབྱོར་དར་རྒྱས་བཅས་ཀྱི་འཕེལ་རིམ་ལ་འགོག་རྐྱེན་ཚབས་ཆེན་བཟོས་པ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་2030ལོའི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་གྲོས་རིམ་དོན་འཁྱོལ་བྱེད་པར་ཤུགས་རྐྱེན་ཚབས་ཆེན་བཟོས་ཡོད། གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་ཛ་དྲག་དུས་བབ་ཀྱིས་འཕེལ་རྒྱས་ཀྱི་དབང་ཆ་མངོན་འགྱུར་བྱེད་པར་ཚོད་འཛིན་ཚབས་ཆེན་བཟོས་ཡོད།
ཚོགས་ཞུགས་སྐུ་མགྲོན་གྱིས་ནན་བཤད་བྱས་དོན། ཀྲུང་གོས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་ཀྱིས་མི་དམངས་འཕེལ་རྒྱས་ནང་ཞུགས་མཁན་དང་། སྐུལ་འདེད་གཏོང་མཁན། ཕན་པ་ཐོབ་མཁན་བཅས་སུ་འགྱུར་བའི་འགན་ལེན་བྱས་ཏེ། རང་ངོས་འཕེལ་རྒྱས་མངོན་འགྱུར་བྱེད་པ་དང་ཆབས་ཅིག་རྒྱལ་སྤྱིའི་སྤྱི་ཚོགས་དང་ཀྲུང་གོའི་ཇུས་གཞི་མཉམ་སྤྱོད་ཧུར་ཐག་བྱས་ཏེ། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ་དང་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་སོགས་གོ་ལ་ཧྲིལ་པོའི་སྤྱི་པའི་ཐོན་རྫས་གཅིག་རྗེས་གཉིས་མཐུད་མཁོ་འདོན་བྱས་ཏེ་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་ཐུན་མོང་འཕེལ་རྒྱས་ཡོང་བར་རམ་འདེགས་བྱས་ཡོད།