དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • “རྒྱལ་ཁབ་ཀྱི་ཁ་གསབ”སྲིད་ཇུས་ལས་རྒྱ་ཆེའི་འཛད་སྤྱོད་པར་ཕན་པ་མུ་མཐུད་ཐོབ་རྒྱུ་ཡིན་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2025-06-23

    ཤིན་ཧྭ་གསར་འགྱུར་ཁང་ནས་གློག་འཕྲིན་འབྱོར་གསལ། ད་ལོ་ཚུན་དུ། འཛད་ཟོག་རྙིང་པ་གསར་པར་བརྗེ་བའི་སྲིད་ཇུས་ཀྱི“ལག་ལེན་བསྟར་ཤུགས”དང“ཁེབས་རྒྱ”ཆེ་རུ་བཏང་བར། དེའི་ནང་ལག་ཐོགས་ཁ་པར་དང་། ངོས་ལེབ་འཕྲུལ་ཆས། ཕོར་འཁྲུད་འཕྲུལ་འཁོར་སོགས་ཐོན་རྫས་སྣ་ཁ་གསར་པའི་རིགས་མང་པོ་ཚུད་པ་མ་ཟད། བཀོད་སྒྲིག་བྱས་པའི་དུས་ཡུན་ཆེས་རིང་བའི་དམིགས་བསལ་རྒྱལ་བུན་མ་དངུལ་གྱི་གཞི་ཁྱོན་ཡང་ན་ནིང་གི་སྒོར་དུང་ཕྱུར་1500ནས་ད་ལོའི་སྒོར་དུང་ཕྱུར་3000བར་ལྡབ་གཅིག་འཕར་ཡོད།

    “རྒྱལ་ཁབ་ཀྱི་ཁ་གསབ”སྲིད་ཇུས་ཀྱི་མ་དངུལ་ནི་དུས་ཡུན་ཆེས་རིང་བའི་དམིགས་བསལ་རྒྱལ་བུན་སྒོར་དུང་ཕྱུར་3000གི་ཐོག སླར་ཡང་ས་གནས་ཀྱིས་བསྡུར་ཚད་ལ་གཞིགས་ནས་ལྷན་སྦྱར་དང་རང་ངོས་ནས་བཀོད་སྒྲིག་བྱས་པའི་མ་དངུལ་བཅས་ལས་གྲུབ་པ་ཞིག་རེད།

    གསར་འགོད་པར་ཤེས་རྟོགས་བྱུང་བར་གཞིགས་ན། མ་དངུལ་སྒོར་དུང་ཕྱུར་3000དེ“ཁག་བགོས”ནས་ས་གནས་ལ་སྤྲོད་རྒྱུ་རེད། དེའང་བགོ་བཤའ་རྒྱག་སྐབས། ས་གནས་ཀྱི་རྒྱུན་སྡོད་མི་འབོར་གྱི་གྲངས་ཚད་དང་། ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར། རླངས་འཁོར་དང་ཁྱིམ་སྤྱོད་གློག་ཆས་བདག་ཚད། 2024ལོའི་འཛད་ཟོག་རྙིང་པ་གསར་པར་བརྗེ་བའི་སྲིད་ཇུས་དང་མ་དངུལ་དོན་འཁྱོལ་བྱས་ཚུལ་སོགས་ཀྱི་སྤྱིའི་གནས་ཚུལ་ལ་གཞིགས་ཏེ། མ་དངུལ་དེ་2024ལོའི་འཛད་ཟོག་རྙིང་པ་གསར་པར་བརྗེ་བའི་ལས་དོན་གྱི་ཕན་འབྲས་ཅུང་ཆེ་བའི་ས་ཁུལ་ལ་ལྟ་རྟོག་འོས་འཚམ་བྱས་ནས་བགོ་བཤའ་རྒྱག་རྒྱུ་ཡིན་པ་རེད།

    ད་ལོར། ཀྲུང་དབྱང་གིས་བཀོད་སྒྲིག་བྱས་པའི་དུས་ཡུན་ཆེས་རིང་བའི་དམིགས་བསལ་རྒྱལ་བུན་གྱིས་རྒྱབ་སྐྱོར་བྱེད་པའི་འཛད་ཟོག་རྙིང་པ་གསར་པར་བརྗེ་བའི་མ་དངུལ་གྱི་གཞི་ཁྱོན་སྒོར་དུང་ཕྱུར་3000ཟིན་ཞིང་། མ་དངུལ་གྱི་གྲངས་འབོར་གཏན་འཁེལ་ཟིན་པ་ཞིག་རེད། ས་གནས་ཀྱིས་ཀྲུང་དབྱང་གི་མ་དངུལ་དེ་ལུགས་དང་མཐུན་ཞིང་གོ་རིམ་ལྡན་པ་དང་རྒྱུན་མཐུད་སྤྱོད་ཐུབ་པ་བྱ་ཆེད། མ་དངུལ་སྤྲོད་པའི་བརྒྱུད་རིམ་ཐད། ད་ལོའི་ཀྲུང་དབྱང་གི་མ་དངུལ་སྒོར་དུང་ཕྱུར་3000དེ་ཁག་བགོས་ནས་སྤྲོད་རྒྱུ་ཡིན་པ་རེད།

    གསར་འགོད་པར་འབྲེལ་ཡོད་པུའུ་ཨུད་ནས་ཤེས་རྟོགས་བྱུང་བར། ད་ལོའི་ཟླ་བ་དང་པོ་དང་བཞི་པར། ཀྲུང་དབྱང་གི་མ་དངུལ་ཁག་གཉིས་སུ་བགོས་ནས་ཁྱོན་སྒོར་དུང་ཕྱུར་1620སྤྲད་དེ། ས་གནས་ཀྱིས་དུས་ཚིགས་དང་པོ་དང་གཉིས་པའི་འཛད་ཟོག་རྙིང་པ་གསར་པར་བརྗེ་བའི་ལས་དོན་ཡག་པོ་བསྒྲུབ་རྒྱུར་རྒྱབ་སྐྱོར་བྱས་ཡོད། རྗེས་སུ་ད་དུང་ཀྲུང་དབྱང་གི་མ་དངུལ་སྒོར་དུང་ཕྱུར་1380དུས་ཚིགས་གསུམ་པ་དང་བཞི་པར་ཁག་བགོས་ནས་རིམ་པ་བཞིན་སྤྲོད་རྒྱུ་མ་ཟད། ས་གནས་ཀྱིས་ཀྱང་དེ་མཚུངས་ཀྱི་ལྷན་སྦྱར་མ་དངུལ་དང་རང་ངོས་ནས་འདང་ངེས་ཀྱི་ས་གནས་མ་དངུལ་བཀོད་སྒྲིག་བྱ་རྒྱུ་ཡིན་སྟབས། “རྒྱལ་ཁབ་ཀྱི་ཁ་གསབ”སྲིད་ཇུས་ལས་རྒྱ་ཆེའི་འཛད་སྤྱོད་པར་ཕན་པ་མུ་མཐུད་ཐོབ་རྒྱུ་ཡིན་པ་རེད།

    ཚོང་དོན་པུའུ་ཡི་གྲངས་གཞི་ལས་མངོན་པར། ཟླ་5ཚེས་31ཉིན་བར། 2025ལོར་བསྡོམས་རྩིས་བརྒྱབ་ན་འཛད་ཟོག་རྙིང་པ་གསར་པར་བརྗེ་བའི་ཅ་དངོས་རིགས་ཆེན་པོ་5ཡིས་བཙོངས་འབོར་སྒོར་དུང་ཕྱུར་ཁྲི་1.1ཟིན་པར་སྐུལ་ཁྲིད་ཐུབ་པ་དང་། འཛད་སྤྱོད་པར་ཐད་ཀར་སྤྲད་པའི་ཁ་གསབ་སྒོར་དུང་ཕྱུར་1.75ཟིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།