ན་ནིང་རང་རྒྱལ་གྱི་བརྡ་ཁྱབ་ལས་རིགས་ཀྱི་འཕེལ་རྒྱས་སྟོན་གྲངས་དུས་མཚུངས་ལས་8.0%འཕར་བ།
ཉེ་ཆར། ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་ཀྱིས《ཀྲུང་གོའི་བརྡ་ཁྱབ་ལས་རིགས་ཀྱི་འཕེལ་རྒྱས་སྟོན་གྲངས་སྙན་སེང(2025)》ཡོངས་བསྒྲགས་བྱས་ཤིང་། གྲངས་གཞི་ལས་མངོན་པར། 2024ལོར་ཀྲུང་གོའི་བརྡ་ཁྱབ་ལས་རིགས་ཀྱི་འཕེལ་རྒྱས་སྟོན་གྲངས་128.4ཟིན་པ་དེ་དུས་མཚུངས་ལས་8.0%འཕར་ཡོད་པས། རང་རྒྱལ་གྱི་བརྡ་ཁྱབ་ལས་རིགས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བའི་རྣམ་པ་རྒྱུན་འཁྱོངས་ཐུབ་ཡོད་པ་རེད།
སྟོན་གྲངས་ལས་མངོན་པར། 2024ལོར་རྒྱལ་ཡོངས་བརྡ་ཁྱབ་ལས་རིགས་ཀྱི་བྱ་གཞག་ཚན་པ་དང་གཞི་ཁྱོན་ཡན་གྱི་ཁེ་ལས་ཀྱི་བརྡ་ཁྱབ་ལས་སྒོའི་ཡོང་འབབ་སྒོར་དུང་ཕྱུར་15464.1ཟིན་ཏེ་ལོ་གོང་མ་ལས་17.9%འཕར་ཡོད་པ་རེད།
2015ལོ་ཚུན་དུ། ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་ཀྱིས་བརྡ་ཁྱབ་སྐོར་གྱི་བཅའ་ཁྲིམས་གསར་པ་ལག་ལེན་བསྟར་རྒྱུ་གོ་སྐབས་སུ་བརྩིས་ནས། ལེ་ལག་ཚང་སྒྲིག་གི་སྒྲིག་སྲོལ་ལམ་ལུགས་བཟོ་བ་དང་དེར་བཟོ་བཅོས་རྒྱག་རྒྱུར་སྐུལ་འདེད་གང་མགྱོགས་བཏང་བ་རེད། 2024ལོར། རྒྱལ་ཡོངས་ཁྲོམ་ར་ལྟ་འདོམས་སྡེ་ཚན་གྱིས་བརྡ་ཁྱབ་དང་འབྲེལ་བའི་ཁྲིམས་འགལ་གྱོད་གཞི་ཁྲི་4.7ལ་ཞིབ་བཤེར་ཐག་གཅོད་བྱས་པར། དངུལ་ཆད་དང་གཞུང་བཞེས་བཏང་བའི་དངུལ་ཁྱོན་སྒོར་དུང་ཕྱུར་3.5ཟིན་པ་དང་། དེས་ཚད་གཞི་དང་མཐུན་པ་དང་། གོ་རིམ་ལྡན་པ། དྲང་གཞག་འགྲན་རྩོད་བཅས་ཀྱི་ཁྲོམ་རའི་ཁོར་ཡུག་ཧུར་ཐག་བཏོད་དེ། ཐོན་ལས་འཕེལ་རྒྱས་ཡག་པོ་འགྲོ་བར་གཡས་སྐྱོར་གཡོན་འདེགས་བྱས་ཡོད་པ་རེད།