དམག་སྦོལ་ཞིང་ར་ནས་དེང་རབས་ཅན་གྱི་ཞིང་རའི་བར་གྱི་འཕོ་འགྱུར།
—— མི་རབས་གཉིས་ཀྱིས་བརྒྱད་གཅིག་ཞིང་རའི་འཕོ་འགྱུར་རླབས་པོ་ཆེའི་དཔང་པོ་བྱས་པ།
དབྱར་ཟླ་དྲུག་པའི་ཉི་འོད་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་བརྒྱད་གཅིག་ཁྲོམ་གཞུང་བརྒྱད་གཅིག་སྡེ་ཁུལ་གྱི་གཙང་སྦྲ་དོད་པའི་ཁྲོམ་གཞུང་དུ་འཕྲོས། ལོ་58ལ་སླེབས་པའི་དགྲ་འདུལ་གྱིས་རང་ཁྱིམ་གྱི་སྒོ་འགྲམ་དུ་ལངས་ནས། མིག་མདུན་གྱི་ཚང་ཚིང་གཡུ་ལོ་འཁྲིགས་པའི་དེང་རབས་ཅན་གྱི་ཁུལ་ཆུང་དེར་ལྟ་བཞིན། སེམས་ཀྱི་རྟ་ཕོ་དབང་མེད་དུ་བྱིས་དུས་ཀྱི་གྲམ་ཐང་བ་ཚྭ་ཅན་དེར་ཤོར།
དགྲ་འདུལ་ནི་1967ལོར་གྲམ་ཐང་བ་ཚྭ་ཅན་ཡོད་སར་སྐྱེས་པ་དང་། སྐབས་དེ་དུས་དམག་སྦོལ་ཞིང་ར་སྟེ་བརྒྱད་གཅིག་ཞིང་རའི་ས་རྒོད་སློག་མཁན་ནམ་གསར་སྦོལ་བྱེད་མཁན་ཨང་དང་པོའི་གྲས་ཡིན་པའི་དགྲ་འདུལ་གྱི་པཱ་ཕ་བློ་བཟང་ཆོས་དར་གྱིས་དམག་སྡེ་བཅོ་བརྒྱད་པའི་འཐབ་འཛིང་པ་ཚོ་དང་མཉམ་དུ་དཔུང་ས་འོག་ཏུ་བཅུག་སྟེ། རང་གི་ལག་གཉིས་ལ་བརྟེན་ནས་རྩྭ་རྩི་ཤིང་རྐང་གཅིག་ཀྱང་མི་སྐྱེ་བར་ངོས་འཛིན་པའི་ས་གཞི་དེའི་ཐོག་རེ་བའི་ས་བོན་ཐོག་མ་དེ་འདེབས་འགོ་ཚུགས།
1952ལོར་པཱ་ཕས་དམག་སྦོལ་ཞིང་ར་སྦོལ་འགོ་ཚུགས་པ་ནས། 2023ལོར་རང་ཉིད་དེང་རབས་ཅན་གྱི་ཞིང་ར་ནས་ལས་འཁྱུར་ངལ་གསོ་བརྒྱབ་པའི་བར། དགྲ་འདུལ་ཁྱིམ་གྱི་མི་རབས་གཉིས་ཀྱིས་བརྒྱུད་མྱོང་བའི་དུས་རབས་ཕྱེད་ཀ་ལྷག་གི་མི་ཚེའི་འཕྲང་ལམ་རིང་པོ་ནི། བོད་ཞི་བས་བཅིངས་འགྲོལ་བཏང་ཚུན་དང་། ལྷག་པར་དུ་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60སོང་རིང་། གངས་ལྗོངས་ས་མཐོ་འདི་ཉིད་བཀག་སྡོམ་རྗེས་ལུས་ནས་དར་རྒྱས་ཡར་ཐོན་ཕྱོགས་སུ་གོང་འཕེལ་འགྲོ་བ་དང་། རང་ཁྱིམ་གྱི་སྒོ་འགྲམ་དུ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འཕོ་འགྱུར་བྱུང་བའི་བདེན་དཔང་གསོན་པོ་ཞིག་ལགས། འདི་ལྟའི་འཕོ་འགྱུར་བརྒྱད་གཅིག་ཞིང་ར་སྤྱིལ་ཁང་ནས་རིག་ནུས་དྲོད་ཁང་ལ་སྒྱུར་བའི་འཕེལ་རིམ་ཁྲོད་སིམ་ཡོད་ལ། དགྲ་འདུལ་མི་རབས་གཉིས་པོས་དཀའ་སྤྱད་སྡུག་རུས་ཀྱིས་ས་རྒོད་སློག་པ་ནས་བདེ་སྡོད་ལས་བརྩོན་བྱུང་བའི་ལས་དབང་ཁྲོད་དེ་བས་ཐིམ་ཡོད།
གྲམ་ཐང་བ་ཚྭ་ཅན་གྱི་ཞིང་ས་རུ། སྣ་མང་སྔོ་ཚལ་སོས་པའི་ས་བོན་བཏབ།
དགྲ་འདུལ་གྱིས“པཱ་ཕས་ཀྲུང་གོ་གུང་ཁྲན་ཏང་གི་བཀའ་དྲིན་ལ་བརྟེན་ནས་སྤྲང་འཁྱམ་གྱི་འཚོ་བ་སྐྱེལ་མི་དགོས་པར་མིང་དོན་མཚུངས་པའི་འཚོ་བ་སྐྱེལ་རྒྱུ་བྱུང”ཞེས་རྟག་ཏུ་གསུང་གི་ཡོད་ཅེས་བཤད་པ་དང་། རང་གི་པཱ་ཕའི་སྐོར་ཕྱིར་དྲན་བྱེད་སྐབས། ཁོ་པའི་མིག་མཐའ་མཆི་མས་བརླན་ཞིང་། སྐད་ཅིག་དེ་ཉིད་ལ་དགྲ་འདུལ་གྱི་དྲན་ཤེས་ཐལ་འཚུབ་འཕྱུར་བའི་ལོ་ཟླ་དེའི་པང་དུ་ལོག
1951ལོའི་དགུན་ཁར། འབྲུ་རིགས་ཀྱི་གནད་དོན་ཐག་གཅོད་བྱ་ཆེད། དམག་སྡེ་བཅོ་བརྒྱད་པའི་འཐབ་འཛིང་པ་རྣམས་དབུགས་ངལ་ཙམ་ཡང་གསོ་ལོང་མ་བྱུང་བར། ཀྲང་གོ་ཧྭ་དང་ཐན་ཀོན་སན་གྱི་བཀོད་འདོམས་འོག་ས་རྒོད་གསར་སྦོལ་གྱི་ལས་ལ་ཞུགས། 1952ལོའི་ཟླ་8པར། བརྒྱད་གཅིག་ཞིང་ར་འཛུགས་སྐྲུན་གྱི་ཐོག་མའི་ལས་འགན་ལེགས་གྲུབ་བྱུང་ཞིང་། རྒྱ་ཆེའི་བཀོད་འཐབ་པ་ཚོས་རང་གི་ལག་གཉིས་ལ་བརྟེན་ནས་གཡུར་དུ་ཟ་བའི་གྲུབ་འབྲས་བླངས་པས། འབྲུ་རིགས་མཁོ་སྤྲོད་ཛ་དྲག་པའི་གནད་དོན་ཞི་ལྷོད་དུ་སོང་བས་མ་ཚད། ཡུན་རིང་བོད་ལྗོངས་འཛུགས་སྐྲུན་གྱི་སྙིང་སྟོབས་ཀྱང་རབ་ཏུ་འཕེལ།
སྐབས་དེ་དུས་ཀྱི་ལྷ་སའི་ཁྲོམ་གཞུང་དུ་སྤྲང་པོ་དང་འཁྱམ་པོ་མི་ཉུང་བ་ཡོད་ཅིང་། དགྲ་འདུལ་གྱི་ཕ་བློ་བཟང་ཆོས་དར་ཀྱང་དེ་ཚོའི་གྲས་རེད། བརྒྱད་གཅིག་ཞིང་རར་ཁོ་ཚོའི་དཀྱིལ་ནས་ཞིང་རའི་བཟོ་པ་བསྡུ་བའི་གནས་ཚུལ་ཤེས་རྗེས། བློ་བཟང་ཆོས་དར་ཚུད་པའི་དཀའ་སྡུག་གི་གནས་སུ་གྱར་བའི་མི་སེར་དབུལ་པོ་བརྒྱ་ལྷག་གཅིག་ཤོར་གཉིས་ཤོར་ངང་ཐོ་འགོད་པར་སླེབས་པ་དང་། དུས་དེ་ནས་བཟུང་ཁོང་ཚོ་བརྒྱད་གཅིག་ཞིང་རའི་བོད་རིགས་ས་རྒོད་གསར་སྦོལ་བྱེད་མཁན་ཨང་དང་པོར་གྱུར།
དགྲ་འདུལ་གྱི་དྲན་ཤེས་ནང་དེ་དུས་ཀྱི་བརྒྱད་གཅིག་ཞིང་ར་ནི་གང་སར་ས་རོ་རྡོ་རོ་རི་ལྟར་སྤུངས་ཤིང་འདམ་སྙིགས་ཀྱིས་ཁེངས་པའི་རྫབ་དོང་ཆེན་པོ་ཞིག་རེད། མི་སུ་དང་སུ་ཡང་དེ་གར་གནས་བཅའ་བར་མི་འདོད་ལ། དེ་བས་མི་སུས་ཀྱང་དེ་ནས་སྟོན་ཐོག་བསྡུ་རྒྱུ་ཡོང་བའི་ཡིད་ཆེས་ག་ལ་བྱེད། སྡོད་སའི་ཁང་པ་མེད་པས་འཐབ་འཛིང་པ་ཚོས་ལྕུག་ཕྲན་གྱིས་སྤྱིལ་བུ་བཟོ་བ་དང་ས་དོང་དྲུས་ནས་ཉལ་གྱི་ཡོད་པ་དང་། སླེལ་པོ་སྒལ་པར་ཁུར་ནས་ལྕི་བ་སྒྲུག་པར་སོང་སྟེ་ལུད་ཀྱི་ཚབ་བྱེད་ཀྱི་ཡོད།
དགྲ་འདུལ་གྱི་དྲན་ཤེས་ནང་པཱ་ཕའི་ལག་གཉིས་ཤ་རོས་ཁེངས་ནས་ཡོད། ཁོ་པས“སྐབས་དེ་དུས་ཚང་མས་ལག་གཉིས་ལ་བརྟེན་ནས་ཤིང་གི་རྩ་བ་བཀོག་པ་དང་འདམ་རྫབ་ཀྱི་ས་ཁོད་སྙོམ་ནས། དུས་ཐུང་ཟླ་བ་གཅིག་ལྷག་ལ་ས་རྒོད་མུའུ་2300ལྷག་གསར་སྦོལ་བྱས་པ་རེད”ཅེས་བཤད།
1978ལོར་བློ་བཟང་ཆོས་དར་འཇིག་རྟེན་ཕྱི་མའི་ལམ་དུ་བཞུད་ཅིང་། བློ་བཟང་ཆོས་དར་གྱི་ངོས་ནས་བརྗོད་ན། བརྒྱད་གཅིག་ཞིང་ར་ནི་རང་ལ་ཚེ་སྲོག་གསར་པ་སྦྱིན་མཁན་ཞིག་ཡིན་གཤིས། ཁོ་པའི་མི་ཚེ་གཅིག་གི་སེམས་ནུས་ཡོད་ཚད་ས་གཞི་དེར་སྐྱེས་སུ་ཕུལ། དེ་དུས་ཀྱི་བརྒྱད་གཅིག་སྡེ་ཁུལ་ནི་ད་དུང་ས་བཀྲའི་ཐོག“ནོར་སྟོད་གླིང་ཁ”ཞེས་སུ་འབོད་པའི་ཐང་རྒོད་ཅིག་རེད།
སྒྱུར་བཅོས་སྒོ་དབྱེའི་ཚ་རླབས་འཕྱུར། འཚོ་བ་གསར་པའི་ཉི་གཞོན་བསུས།
“པཱ་ཕ་གྲོངས་དུས་ང་རང་ལོ་11ལ་སླེབས་ཙམ་ཡིན། བརྒྱད་གཅིག་ཞིང་རའི་ལྟ་སྐྱོང་འོག ང་རང་སློབ་ཆུང་དང་སློབ་འབྲིང་ཆ་ཚང་བར་འགྲོ་ཐུབ་བྱུང་། ཕྱིས་སུ་ཆུ་ཤུར་གྱི་ཡན་ལག་ཞིང་རར་སློབ་ཆུང་གི་དགེ་རྒན་ཞིག་བྱས་པ་ཡིན”ཞེས་དགྲ་འདུལ་གྱིས་བཤད།
དུས་ཚོད་བྱ་འཕུར་བ་ལྟར་མདུན་ཕྱོགས་སུ་བཞུད་འགྲོ་ཞིང་། ཡུད་ཙམ་ཞིག་ལ་1985ལོར་སླེབས། གངས་ལྗོངས་ས་མཐོར་སྒྱུར་བཅོས་སྒོ་དབྱེའི་དཔྱིད་རླུང་ལྡང་བ་དང་བསྟུན་ནས། ཞིང་རའི་ཏང་ཨུད་ཀྱིས“གྱོང་གུན་གྱི་ཞ་མོ་ཕུད་དགོས་པའི”བཀའ་བཏང་བ་དང་ཆབས་ཅིག ཁྱིམ་ཚང་གིས་ཞིང་ར་འགན་གཙང་ལེན་པའི་ལམ་བུར་བསྐྱོད་དེ། འགན་གཙང་ལམ་ལུགས་ལག་བསྟར་བྱེད་འགོ་ཚུགས། ཕོ་ལོ་དྲུག་གསུམ་བཅོ་བརྒྱད་ལ་སོན་མ་ཐག་གི་དགྲ་འདུལ་ལ་མཚོན་ན། ལུས་པོ་སློབ་ཁང་དུ་སློབ་ཁྲིད་བྱེད་བཞིན་ཡོད་མོད། སེམས་པ་སྔ་ས་ནས་བརྒྱད་གཅིག་ཞིང་རའི་མཁའ་དབྱིངས་སུ་འཕུར་ཟིན།
“མི་རེར་ས་ཞིང་མུའུ་50རེ་འགན་གཙང་བླངས་ཆོག བོགས་དངུལ་སྤྲད་རྗེས་སོན་ལེན་དགོས། ཐོན་འབབ་ཚང་མ་རང་དབང་རང་བདག་རེད” སྲིད་ཇུས་དོན་འཁྱོལ་བྱུང་བའི་ཉིན་དེར། བརྒྱད་གཅིག་ཞིང་རར་དུས་ཆེན་དགའ་གཏོང་བྱེད་པ་བཞིན་འཁྲུག་ཆ་ཧ་ཅང་དོད་པོར་གྱུར། དགྲ་འདུལ་གྱིས་ཐེ་ཚོམ་སྤུ་ཙམ་ཡང་མེད་པར་ལས་ཀ་རྩ་དགོངས་ཞུས་ཏེ་ས་ཞིང་འགན་གཙང་བླངས་ནས། ཕ་མེས་ཀྱི་ཞུམ་མེད་སྙིང་རུས་སེམས་ལ་བཅངས་ཏེ། རང་གིས་བདམས་པའི་བྱ་གཞག་དེར་སེམས་ནུས་ཡོད་ཚད་འདོན་འགོ་ཚུགས།
དེ་ཡང་བསམ་ཐོག་ལ་རྟ་རྒྱུག་པའི་དཔེ་ལྟར། ལོ་དང་པོ་དེར་ཆར་ཆུ་དུས་སུ་བབས་པས། སྔོ་ཚལ་དང་། ལ་ཕུག ནས་ཞིང་ཚང་མར་ཐོན་འབབ་ཡག་པོ་བྱུང་ཞིང་། དེ་དག་བཙོངས་རྗེས་དངུལ་སྨར་ཡོང་འབབ་སྒོར་2000ཏག་ཏག་བྱུང་ཡོད། དགྲ་འདུལ་གྱིས་དངུལ་ཕྲན་བུ་ཁྱིམ་ཚང་གི་འཁོས་ཀ་ལེགས་སུ་གཏོང་བར་སྤྱད་པ་དང་། དེ་འཕྲོས་ཀྱི་དངུལ་ཚང་མ་ཐོན་སྐྱེད་གཉེར་སྐྱོང་ཐད་སྤྱད། ལོ་གཉིས་པར། དགྲ་འདུལ་གྱིས་ཞིང་རའི་ཆེད་མཁས་པའི་མཛུབ་སྟོན་འོག་འདེབས་འཛུགས་ལས་ལ་གཞོལ་འགོ་ཚུགས། ལོ་དེར་ཐོན་འབབ་དགུན་གྲོ་རྒྱ་མ་ཉིས་ཁྲི་ལྷག་གི་ལོ་ལེགས་བྱུང་བ་དང་། དགུན་གྲོ་བཙོངས་རྗེས་ཡོང་འབབ་ཁེ་གཙང་སྒོར་7000རག་ཡོད།
1989ལོར། དགྲ་འདུལ་གྱིས་ལྷ་སའི་ཤིང་ཏོག་ཁྲོམ་རའི་སྟོང་ཆ་ཚོར་ནས། སློབ་གྲྭའི་ཉེ་འགྲམ་གྱི་ཀུ་ཤུའི་སྡོང་པོ་208འགན་གཙང་བླངས་པར་ཡོང་འབབ་ཧ་ཅང་ཡག་པོ་བྱུང་། 1992ལོར་དགྲ་འདུལ་བརྒྱད་གཅིག་ཞིང་རར་ལས་སྒྱུར་བྱས་པ་དང་། སྔ་རྗེས་སུ་བདེ་སྲུང་ཚན་པའི་འགན་འཁུར་བ་དང་། དྲོད་ཁང་ཆེ་མོ་འགན་གཙང་ལེན་མཁན། ཕོགས་བཅད་གནས་འཇོག་གི་འབྲས་ཤིང་ལྡུམ་རའི་སྦྱིན་བདག་སོགས་ཀྱི་འགན་འཁུར་ཞིང་། ཁོ་པའི་གོམ་སྟབས་རེ་རེ་ནི་དུས་རབས་འཕེལ་རྒྱས་ཀྱི་འདེགས་འཇོག་དང་ཡོངས་སུ་མཐུན་ཡོད།
མཐུན་སྒྲིལ་རྡོག་རྩ་གཅིག་ཏུ་སྒྲིལ། རེ་བས་ཁེངས་པའི་འབྱུང་འགྱུར་བཏོད།
2019ལོར། དགྲ་འདུལ་གྱིས་ལྷ་ས་གྲོང་ཁྱེར་ས་གཙང་ཐོན་ལས་བརྒྱད་གཅིག་ཞིང་ར་ཚད་ཡོད་ཀུང་སི་ཏ་ཕུའུ་གླིང་ཕྲན་ཡན་ལག་ར་བའི་འགན་འཁུར་བ་དང་། རིག་ནུས་དྲོད་ཁང་ཆེ་མོར་ཉི་འོད་ཁྲ་ལྷམ་མེར་འཕྲོས་ཤིང་། ས་མེད་འདེབས་གསོའི་སྔོ་ཚལ་སོས་པ་ཟིལ་པ་ཁྲུམ་ཁྲུམ་བྱེད་ལ། གྲང་ཕྲེང་ཟོག་འགྲེམས་རླངས་འཁོར་གོ་རིམ་ལྡན་པའི་ངང་ཕར་འགྲོ་ཚུར་འོང་གི་བྲེལ་བས་ཁེངས་བཞིན“ས་གཙང་རྟགས་ཅན”གྱི་སྔོ་ཚལ་རྒྱལ་ཡོངས་ས་གནས་ཁག་གི་གསོལ་ལྕོག་སྟེང་སྐྱེལ་བར་བྲེལ།
“ངའི་པཱ་ཕས་སླེལ་པོ་སྒལ་པར་ཁུར་ནས་ལྕི་བ་སྒྲུག་པར་འགྲོ་གི་ཡོད། ང་ཚོས་མི་མེད་གནམ་གྲུ་སྤྱད་ནས་ལུད་སྦྱོར་བྱེད་ཀྱི་ཡོད། ཁོང་ཚོའི་ལྟོ་གོས་གནམ་ལ་བརྟེན་དགོས་ཤིང་། ང་ཚོས་གྲངས་གཞི་ཆེ་མོར་བརྟེན་ནས་ཚལ་འདེབས་ཀྱི་ཡོད”ཅེས་བསྡུར་བ་དེ་དག་གླེང་སྐབས་དགྲ་འདུལ་སྤོབས་སེམས་རབ་ཏུ་རྒྱས།
ད་ལྟ་ཁོ་པའི་རྐང་འོག་གི་བརྒྱད་གཅིག་སྡེ་ཁུལ་ནི་ཕ་མེས་དུས་རབས་ཀྱི་ཐང་རྒོད་དེ་འདྲ་ཡེ་ནས་མིན། 1999ལོར་སྡེ་ཁུལ་འཛུགས་སྐབས་དགྲ་འདུལ་གྱིས་དེ་གར་རྡོ་རྩིག་གི་ཁང་པ་གསར་རྐྱང་ཞིག་བརྒྱབ་ཡོད།
དེ་རྗེས་ཀྱི་ལོ་བཅུ་ཕྲག་རིང་། བརྒྱད་གཅིག་སྡེ་ཁུལ་སྒྱུར་བཀོད་ཐེངས་མང་བྱེད་མྱོང་ཞིང་། འགྲོ་ལམ་གསར་བཟོ་དང་། ཆུ་འགྲོ་གསར་བཟོ། སྔོ་ཁེབས་རྒྱ་ཆེར་གཏོང་བ། རླངས་འཁོར་འཇོག་གནས་བཟོ་བ། དེ་བཞིན་རིག་ནུས་ཀྱི་བདེ་འཇགས་འགོག་སྲུང་སྒྲིག་ཆས་བསྒར་བ་སོགས་གསར་སྒྱུར་བྱས་ཏེ། སྡེ་ཁུལ་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཆེ་རུ་བཏང་ཡོད། ད་ཆ་སྡེ་ཁུལ་དུ་འཕྲོད་བསྟེན་ཁང་དང་། སློབ་གྲྭ སྒོ་རྩིས་ཚོང་ཁང་། བྱེད་སྒོའི་ལྟེ་གནས་སོགས་གང་དགོས་ཅི་འཛོམས་ཡོད་ཅིང་། བརྒྱད་གཅིག་སྡེ་ཁུལ་དུ་དུད་ཚང་6183དང་། མི་གྲངས་17126ཡོད་པ་དེ་དག་མི་རིགས་མི་འདྲ་བ་22ལས་གྲུབ་ཅིང་། གྲོང་མི་རྣམས་གནས་དེ་གར་སེ་འབྲུའི་རྡོག་པོ་ལྟར་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གྱིས་དགའ་སྐྱིད་དཔལ་ལ་རོལ་བཞིན་མཆིས།
1952ལོར་དམག་སྦོལ་འཐབ་འཛིང་པའི་སྤྱིལ་བུའི་ནང་གི་བཞུ་མར་གྱི་འོད་མདངས་ནས། དེ་རིང་གི་བརྒྱད་གཅིག་སྡེ་ཁུལ་གྱི་ཐང་ཆེན་གྱི་ཚོན་ཁྲ་ཅན་གྱི་གློག་འོད་བར་དང་། སླེལ་པོ་སྒལ་པར་ཁུར་ནས་ལྕི་བ་སྒྲུག་པའི་རྒྱབ་གཟུགས་ནས། མི་མེད་གནམ་གྲུས་ཞིང་ཐང་གི་མཁའ་དབྱིངས་སུ་སྐོར་བ་རྒྱག་པའི་རྗེས་ཤུལ་བར། དགྲ་འདུལ་ཕ་བུ་དང་འདྲ་བར་འཛུགས་སྐྲུན་པ་ཁྲི་སྟོང་མང་པོས་ལོ་ངོ་བཅུ་ཕྲག་རིང་དཀའ་བ་ཁྱད་དུ་བསད་ནས། འཛམ་གླིང་ཡང་རྩེར་ཟིལ་རླབས་དགུང་འཕྱུར་གྱི་ངོ་མཚར་བཏོད་ཅིང་། རྒྱུན་སྲིང་ལྷོད་མེད་ཀྱི་འབད་འཐབ་བརྒྱུད“རྩྭ་རྩི་ཤིང་དང་སྟོན་ཐོག་འབྲུ་རྡོག་གཅིག་ཀྱང་སྐྱེ་མི་ཐུབ་པར”ཁས་འཆེས་པའི་བརྒྱད་གཅིག་ཞིང་ར་ནས་ལོ་ལེགས་ཀྱི་གཏམ་བཟང་ཕྱོགས་བཅུར་ཁྱབ་ལ། འཕེལ་རྒྱས་ཀྱི་སྙན་དབྱངས་གླིང་བཞིར་གྲགས་སོ།