ཁ་གཏད་རོགས་སྐྱོར་གྱིས་ནང་སྐྱེས་སྒུལ་ཤུགས་སྐུལ་སྤེལ་ཇི་ལྟར་བྱེད་དགོས་སམ།
—— བོད་དུ་བརྟག་དཔྱད་བྱས་པའི་སྐོར་བཀོད་པ།
ད་ལོའི་ཟླ་བ་དྲུག་པ་དང་བདུན་པར་བོད་སྐྱོར་ལས་བྱེད་ཤེས་ལྡན་པ་ཁག་བཅུ་པ་དང་བཅུ་གཅིག་པ་བརྗེ་རེས་བྱ་རྒྱུ་ཡིན་ཞིང་། ལོ་30ལྷག་ཙམ་གོང་། ཀྲུང་དབྱང་གིས་བཏོན་པའི་འཐབ་ཇུས་ཀྱི་ཇུས་གཞི་གལ་ཆེན་ཞིག་ཡིན་པའི་ཁ་གཏད་བོད་སྐྱོར་ལས་དོན་དེས་བོད་ལ་འགྱུར་ལྡོག་ཟབ་མོ་འབྱུང་བཞིན་ཡོད་པ་དང་བོད་འཕེལ་རྒྱས་ཀྱི་ནང་སྐྱེས་སྒུལ་ཤུགས་རྒྱུན་ཆད་མེད་པར་འཕེལ་བཞིན་ཡོད། མ་གཞི་ནས་ཆ་རྐྱེན་དེ་ཙམ་ལེགས་པོ་མེད་པའི་བོད་ཀྱི་ངོས་ནས་བརྗོད་ན། ཐོན་ལས་འཕེལ་རྒྱས་གཏོང་བར་དཀའ་ངལ་མང་པོ་འཕྲད་ཡོད། ད་ཕན་ལོ་ཤས་རིང་། ཁ་གཏད་རོགས་སྐྱོར་སྲིད་ཇུས་དང་ལྷག་པར་དུ་ཐོན་ལས་བོད་སྐྱོར་ལ་སྐུལ་འདེད་བརྟན་པོ་བཏང་བ་དེས་བོད་ཀྱིས་རང་ངོས་ཀྱི་སྟོང་ཆ་གསབ་པ་དང་སྲོལ་རྒྱུན་ཐོན་ལས་རིམ་སྤོར་ལ་རོགས་རམ་བྱས་ཏེ་རྒྱལ་ཁབ་ཕྱི་ནང་གི་ཁྲོམ་ར་ཆེན་པོ་དང་འབྲེལ་མཐུད་གཏིང་ཟབ་བྱས་ནས་ཁྱད་ལྡན་འཕེལ་རྒྱས་ཀྱི་ལམ་བུ་གསར་པ་ཞིག་བཏོད་ཡོད་པ་རེད།
བགྲང་བྱ་30ལྷག་ཙམ་རིང་། ཁ་གཏད་རོགས་སྐྱོར་བྱེད་མཁན་ཞིང་ཆེན་དང་གྲོང་ཁྱེར(ཚན་པ)གྱིས་རོགས་སྐྱོར་བྱ་ཡུལ་གྱི་ཐོན་ཁུངས་ཀྱི་མཐུན་རྐྱེན་དང་འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་གཏིང་ཟབ་བྱས་ཏེ་ཐོན་ལས་བོད་སྐྱོར་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ་དང་ཐོན་ལས་རྣམ་གྲངས་ལ་མ་དངུལ་གཏོང་ཤུགས་མུ་མཐུད་ཆེ་རུ་བཏང་སྟེ་ཐོན་ལས་འཕེལ་རྒྱས་ལ་བརྟེན་ནས་རོགས་སྐྱོར་བྱ་ཡུལ་གྱི་འཕེལ་རྒྱས་སྒུལ་ཤུགས་སྐུལ་སློང་བྱས་ཡོད། “ལོ་ལྔ་ཚན་བཅུ་བཞི་པའི”རིང་ཁོ་ནར་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་17གྱིས་ཐོན་ལས་བོད་སྐྱོར་རྣམ་གྲངས་ཁག་229བཀོད་སྒྲིག་བྱས་པ་དང་བོད་སྐྱོར་མ་དངུལ་སྒོར་དུང་ཕྱུར་44.06དོན་འཁྱོལ་བྱས་པ་དེས“ལོ་ལྔ་ཚན་བཅུ་བཞི་པའི”རིང་བཏང་བའི་བོད་སྐྱོར་མ་དངུལ་གྱི་20.3%བཟུང་ཡོད།
ཁ་གཏད་རོགས་སྐྱོར་སྲིད་ཇུས་ཀྱིས་བོད་ཀྱི་ཐོན་ལས་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་བསྣན་ཞིང་། ཐོན་ལས་བོད་སྐྱོར་རྣམ་གྲངས་དེ་དག་ཁྲོད་ནས་ལ་ལས་བོད་ཀྱི་རང་ངོས་ཀྱི་སྟོང་ཆ་གསབ་པ་དང་། ལ་ལས་སྲོལ་རྒྱུན་ཐོན་ལས་སྒྱུར་བཀོད་རིམ་སྤོར་བྱས་ནས་བོད་འདི་ཉིད་རྒྱལ་སྤྱིའི་ཐོན་ལས་འཁོར་འབྲེལ་དང་རྒྱལ་ནང་གི་གཅིག་གྱུར་ཁྲོམ་ར་ཆེན་པོར་མཉམ་འདྲེས་བྱེད་པའི་གོམ་སྟབས་མགྱོགས་སུ་བཏང་བས། བོད་ཀྱི་ནང་སྐྱེས་སྒུལ་ཤུགས་རྒྱུན་ཆད་མེད་པར་འཕེལ་ཏེ“གཞན་བརྟེན”ནས“རང་རྐྱ་འཕེར་བའི”བར་འགྱུར་ལྡོག་བྱུང་ཡོད།
བགྲང་བྱ་30ལྷག་ཙམ་རིང་ཞིང་ཆེན་དང་གྲོང་ཁྱེར་ཁག་གིས་ཐོན་ལས་བོད་སྐྱོར་བྱེད་པའི་ཐད་ཁྱད་ཆོས་ལྡན་པའི་བྱེད་སྟངས་དང་ཉམས་མྱོང་གང་ཞིག་ཡོད་དམ། བོད་ཀྱི་ཐོན་ལས་འཕེལ་རྒྱས་ལ་འགྱུར་ལྡོག་ཅི་ཞིག་བྱུང་ཡོད་དམ། ཕྱོགས་ཁག་གི་རོགས་སྐྱོར་འོག་བོད་ལྗོངས་འདི་ཉིད་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུ་གང་འདྲ་ཞིག་ཏུ་བསྐྱོད་ཡོད་དམ།
ཡུལ་བབ་དང་བསྟུན་ནས་སྟོང་ཆ་གསབ་པ།
ཡར་ཀླུང་གཙང་པོའི་ལྷོ་ངོགས་ཀྱི་གྲ་ནང་རྫོང་མངའ་ཁོངས་ཀྱི་ཀྲུང་ཁྲེ་ལྷོ་ཁའི་ནུས་རྒྱུ་གཙང་མའི་སྒྲིག་ཆས་ཐོན་ལས་གླིང་གི་ཐོན་སྐྱེད་སྒྲུབ་རིམ་དུ་འཕྲུལ་ཆས་ཀྱི་འཛེར་སྒྲས་ཁེངས་ཤིང་། དེ་ནི་ན་ནིང་ཟླ་8པར་ཐོན་སྐྱེད་བྱེད་འགོ་ཚུགས་པའི་བོད་ཀྱི་ནུས་རྒྱུ་གཙང་མའི་སྒྲིག་ཆས་ཐོན་ལས་གླིང་གི་བཟོ་སྐྲུན་རྟེན་གཞི་དང་པོ་ཡིན་ལ། ཧུའུ་ནན་གྱི་ཐོན་ལས་བོད་སྐྱོར་གྱི་མ་འཇོག་རྣམ་གྲངས་ཆེ་ཤོས་ཀྱང་ཡིན་པ་དང་ཐོན་སྐྱེད་བྱེད་འགོ་ཚུགས་རྗེས་ལོ་རེའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་30ལྷག་ཙམ་ཟིན་རྒྱུ་རེད།
ཀྲུང་ཁྲེ་ཀྲུའུ་ཀྲོའུ་སུའོ་བོད་ལྗོངས་ཡན་ལག་ཀུང་སིའི་ཁྲོམ་ར་པུའི་པུའུ་ཀྲང་ཁྲེན་ཀེས་ངོ་སྤྲོད་བྱས་དོན། ཐོན་ལས་གླིང་ཐོན་སྐྱེད་བྱེད་འགོ་ཚུགས་ནས་ཟླ་4སོང་རིང་སྒོར་ཁྲི་2300ལྷག་ཙམ་རི་བའི་ཐོན་རྫས་ཕྱིར་ཚོང་བྱས་ནས་ཀྲུང་ཁྲེ་ཀྲུའུ་ཀྲོའུ་སུའོ་དང་དེ་བཞིན་ཁོངས་གཏོགས་ཁེ་ལས་ཀྱིས་བོད་དུ་སྒོར་དུང་ཕྱུར་5.9ཟིན་པའི་མངགས་ཐོ་འཇོག་པར་ཐད་ཀར་རམ་བར་བརྒྱུད་ཀྱིས་སྐུལ་འདེད་བཏང་སྟེ་ས་གནས་དེ་གའི་ནུས་རྒྱུ་གཙང་མའི་ཐོན་ལས་འཕེལ་རྒྱས་གཏོང་བར་རམ་འདེགས་བྱས་པ་མ་ཟད། ཁེ་ལས་འཕེལ་རྒྱས་ཡོང་བར་རམ་འདེགས་ཀྱང་བྱས་པ་རེད།
བོད་ལ་ནུས་རྒྱུ་གཙང་མའི་ཐོན་ལས་འཕེལ་རྒྱས་གཏོང་བའི་ཐོན་ཁུངས་ཀྱི་ལེགས་ཆ་ལྡན་ཡོད་ཅིང་། ཉེ་བའི་ལོ་ཤས་རིང་། བོད་ཀྱིས་ཐོན་ཁུངས་ཀྱི་སྐྱེ་སྟོབས་ལ་གཞིགས་ནས་རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མའི་རྟེན་གཞི་མགྱོགས་མྱུར་འཛུགས་སྐྲུན་བྱས་ཏེ་གློག་ཤུགས་མ་ལག་གསར་པའི་དཔེ་སྟོན་ཁུལ་དང་བསྐྱར་སྐྱེས་ནུས་རྒྱུ་གཙང་མ་བེད་སྤྱོད་ཀྱི་དཔེ་སྟོན་ཁུལ་བསྐྲུན་ཡོད། ཧུའུ་ནན་བོད་སྐྱོར་ལས་དོན་རུ་ཁག་གིས་བོད་ཀྱི་ཐོན་ལས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ་དང་ཀྲུང་ཁྲེ་ཀྲུའུ་ཀྲོའུ་སུའོ་ནང་འདྲེན་བྱས་ཏེ་ལྷོ་ཁའི་ནུས་རྒྱུ་གཙང་མའི་སྒྲིག་ཆས་ཐོན་ལས་གླིང་བསྐྲུན་ནས་བོད་ཀྱི་ནུས་རྒྱུ་གཙང་མའི་སྒྲིག་ཆས་བཟོ་སྐྲུན་གྱི་སྟོང་ཆ་བསྐངས་པ་དང་འཁོར་འབྲེལ་འཛུགས་གསབ་བྱེད་པ་དང་ཆབས་ཅིག་འཁོར་འབྲེལ་སྟོབས་ཆེར་གཏོང་ཐུབ་ཡོད།
ཐོན་ལས་ཀྱིས་བོད་ལ་རོགས་སྐྱོར་བྱས་ན་གང་ཞིག་ཐད་རོགས་སྐྱོར་བྱེད་དགོས་སམ། ཡུལ་བབ་དང་བསྟུན་ནས་སྟོང་ཆ་སྐོང་དགོས་ཤིང་། བོད་ཀྱི་ཐོན་ལས་འཕེལ་རྒྱས་གཏོང་བར་མི་འདང་ས་གང་ཞིག་ཡོད་ཕྱིན་དེ་གསབ་དགོས་སྟབས། བོད་སྐྱོར་ལས་དོན་རུ་ཁག་ཁག་གིས་བོད་ཀྱི་གཙོ་གནད་དུ་འཕེལ་རྒྱས་གཏོང་དགོས་པའི་ཐོན་ལས་དེར་དམིགས་ནས་བོད་སྐྱོར་ཚོང་འགུགས་བྱས་ཏེ་དགེ་མཚན་ལྡན་པའི་རྣམ་གྲངས་གཅིག་རྗེས་གཉིས་མཐུད་ངང་དོན་འཁྱོལ་བྱས་ཡོད།
ན་ནིང་གི་ཟླ་8པར་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་རྒྱ་ཚ་རྫོང་རྭ་སྨད་ཐོན་ལས་གླིང་ཁུལ་དུ་ཨན་ཆི་ཇོ་མོ་གླང་མའི་ས་མཐོའི་སྐྱེ་ཕན་ཕྲ་སྲིན་རྣམ་གྲངས་དངོས་སུ་ཐོན་སྐྱེད་བྱེད་འགོ་ཚུགས་ཤིང་། བོད་ལྗོངས་ཨན་ཆི་ཇོ་མོ་གླང་མ་ཀུང་སིའི་རྣམ་གྲངས་ཅིང་ལི་ཧོ་ཤིན་ཀྲང་གིས་རྣམ་གྲངས་དེ་ཐོན་སྐྱེད་བྱས་རྗེས་སྔོན་དཔག་བྱས་ན་ལོ་རེར་ས་མཐོའི་སྐྱེ་ཕན་ཕྲ་སྲིན་འཁྱགས་སྐམ་ཕྱེ་མ་ཏུན་200སྐྱེད་ཐུབ་ནས་ལོ་རེའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་3ཡན་ཟིན་རྒྱུ་རེད་ཅེས་ངོ་སྤྲོད་བྱས་པ་རེད། དེ་ནི་ཧུའུ་པེ་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་བཅུ་པས་གཙོ་གནད་ནང་འདྲེན་བྱས་པའི་རྣམ་གྲངས་ཤིག་ཡིན་ཞིང་། དེས་བོད་ལྗོངས་ཀྱི་ས་ཁུལ་སྐྱེ་དངོས་ཐོན་རྫས་ཀྱི་སྟོང་ཆ་བསྐངས་པ་དང་ཕྲ་སྲིན་རིགས་དང་འགག་རྩའི་ལག་རྩལ་གྱིས་རྒྱལ་སྤྱིའི་ཐོག་ལག་རྩལ་དེའི་ཐད་ཀྱི་བཀག་རྒྱ་བསལ་ནས་བརྒྱུད་རིམ་ཧྲིལ་པོ་རང་བདག་ཚོད་འཛིན་ཐུབ་པ་བྱུང་ཡོད།
“ཐོག་མ”དང“དང་པོ”ལ་སོགས་ཁ་གཏད་རོགས་སྐྱོར་བྱེད་རིང་རྒྱུན་ཆད་མེད་པར་གསར་གཏོད་མངོན་འགྱུར་བྱུང་ཞིང་། ཧུའུ་པེ་ཞིང་ཆེན་ལ་དཔེ་བཞག་ན། ཐོན་ལས་བོད་སྐྱོར་ཁེ་ལས་ཁག་དང་པོ་ཧྭ་ཤིན་ཨར་འདམ་བོད་ལྗོངས་ཀུང་སིས་ལོ་ངོ་30ལྷག་ཙམ་རིང་རིམ་རྩིས་བརྒྱབ་ན་ལྷོ་ཁ་གྲོང་ཁྱེར་ལ་ཁྲལ་བསྡུའི་ཡོང་འབབ་སྒོར་དུང་ཕྱུར་16ལེགས་སྐྱེས་ཕུལ་བ་དང་། ས་མཐོའི་དེང་རབས་ཅན་གྱི་སྒོང་བྱ་གསོ་སྤེལ་ཁེ་ལས་བོད་ལྗོངས་ཧུང་ནུང་ཞིང་ལས་འཕེལ་རྒྱས་ཚད་ཡོད་ཀུང་སི་གཞིས་ཆགས་ཚུན། ས་གནས་དེ་གའི་བྱ་ཕྲུག་གསོན་ཚད་དང་སྒོ་ང་ཐོན་ཚད་60%ཡང་མི་ཟིན་པ་ནས་97%ཡས་མས་སུ་འཕར་ཏེ་ས་མཐོའི་ལས་རིགས་ཀྱི་ཟིན་ཐོ་རབ་དང་རིམ་པ་བཏོད་པ། ལྷོ་ཁ་གྲོང་ཁྱེར་གྱི་གཞི་ཁྱོན་ཡན་གྱི་སྒྲིག་ཆས་བཟོ་སྐྲུན་ཁེ་ལས་དང་པོ་བོད་ལྗོངས་ཆིང་ཅང་གློག་ཆས་ཚན་རྩལ་ཚད་ཡོད་ཀུང་སིས་ས་མཐོར་ཚོད་ལྟ་ཁང་བཙུགས་ནས་ཞིབ་འཇུག་གསར་སྤེལ་བྱས་པའི་ས་མཐོའི་ཁོར་ཡུག་ཁྲོད་ཐད་རྒྱུག་གནོན་བཙིར་འཕྲུལ་ཆས་གསར་པས་གློག་ནུས་40%གྲོན་ཆུང་ཐུབ་ལ་སྤྱོད་ཡུན་ཡང་ཆེས་ཆེར་རིང་དུ་ཕྱིན་པ་སོགས་རེད།
ཧུའུ་པེ་ཞིང་ཆེན་གྱི་ཁག་བཅུ་པའི་བོད་སྐྱོར་ལས་བྱེད་པ་དང་། ལྷོ་ཁ་གྲོང་ཁྱེར་འཕེལ་སྒྱུར་ཨུ་ལྷན་གྱི་ཏང་ཙུའི་ཁོངས་མི། ཀྲུའུ་རེན་གཞོན་པ་བཅས་ཡིན་པའི་ཧུའུ་ཝུན་ལུང་གིས། ལོ་ངོ་30ལྷག་ཙམ་རིང་། ཧུའུ་པེ་ཞིང་ཆེན་གྱིས་བོད་སྐྱོར་རྣམ་གྲངས་ཁག་704ལག་ལེན་བསྟར་ཏེ་རིམ་རྩིས་བརྒྱབ་ན་རོགས་སྐྱོར་མ་དངུལ་དང་དངོས་ཟོག་རིན་ཐང་སྒོར་དུང་ཕྱུར་48.9ཟིན་ཡོད། ཁ་གཏད་རོགས་སྐྱོར་བྱེད་རིང་། ཧུའུ་པེ་ཡིས་ཐོག་མཐའ་བར་གསུམ་དུ་ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་དེ་རྨང་བརྟན་གྱི་ཐབས་ཇུས་སུ་བརྩིས་ནས་ཚན་རིག་དང་སློབ་གསོའི་ཞིང་ཆེན་ཆེན་པོའི་རིག་སྟོབས་ལེགས་ཆ་དང་ཐོན་ལས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ། ཞིང་ཆེན་ནང་ཁུལ་གྱི་ཚན་རྩལ་གསར་གཏོད་དང་། རིག་ནུས་བཟོ་སྐྲུན། ལྗང་མདོག་ནུས་རྒྱུ་བཅས་ཀྱི་ཁེ་ལས་བོད་དུ་མ་འཇོག་ལས་དར་བྱེད་པར་ཁྲིད་སྟོན་དང་རྒྱབ་སྐྱོར་གྱིས་ས་ཁུལ་གྱི་ཐོན་ལས་ལ་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཆེན་པོ་བསྣན་ནས་ས་མཐོའི་ཁྱད་ཆོས་ལྡན་པའི་འཕེལ་རྒྱས་ལམ་བུ་ཞིག་འཚོལ་ཞིབ་བྱས་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
སྲོལ་རྒྱུན་ཐོན་ལས་སྒྱུར་བཀོད་དང་ལེགས་སུ་བཏང་བ།
གཞིས་རྩེ་གྲོང་ཁྱེར་རྣམ་གླིང་རྫོང་ཨེ་མ་ཤང་དུ་རྒྱལ་ཁབ་ཀྱི་ས་ཁམས་མཚོན་རྟགས་ཐོན་རྫས“ཨེ་མ་སྒང་ཞོག་ཁོག”གི་སྐྱེ་འཚར་ལེགས་ཤིང་། ཧྲན་ཏུང་ཞིང་ཆེན་ཝེ་ཧྥང་གྲོང་ཁྱེར་གྱི་བོད་སྐྱོར་རོགས་རམ་ལ་བརྟེན་ནས་ཉེ་བའི་ལོ་ཤས་རིང་འཕེལ་རྒྱས་ཕྱིན་པ་བརྒྱུད་རྣམ་གླིང་རྫོང་གི་ཞོག་ཁོག་འདེབས་ཁྱོན་མུའུ་ཁྲི་4.8ཟིན་པ་དང་འདེབས་མཁན་མི་གྲངས་ཀྱིས་རྫོང་ཡོངས་ཀྱི་མི་འབོར་གྱི་ཕྱེད་ཀ་ཡན་ཟིན་པ་དང་། མང་ཚོགས་ལ་སྐུལ་ཁྲིད་བྱས་ནས་ཡོང་འབབ་དུང་ཕྱུར་1.3ལྷག་ཙམ་རག་ཡོད་ལ། སྲོལ་རྒྱུན་གྱི་ཞོག་ཁོག་འདེབས་སྟངས་དེང་རབས་ཅན་གྱི་ཐོན་ལས་སུ་འགྱུར་བཞིན་ཡོད།
འགྱུར་ལྡོག་ཇི་ལྟར་བྱུང་བ་རེད་ཅེ་ན། ཝེ་ཧྥང་གྲོང་ཁྱེར་གྱི་བོད་སྐྱོར་ལས་བྱེད་པ་དང་རྣམ་གླིང་རྫོང་ཞིང་ལས་གྲོང་གསེབ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཀྲའོ་ཡན་ལེང་གིས“འབེན་གཏད་ཤུགས་རྒྱག་བྱས་པས་རེད”ཅེས་པའི་ཕྱོགས་སྡོམ་བྱས་ཤིང་། སྣ་ཁ་ཁག་གཅིག་ཞན་འགྱུར་དང་སྤུས་ཀ་ཉམས་ཞན་དུ་སོང་བ་སོགས་ཀྱི་གནད་དོན་ལ་དམིགས་ནས། ལས་དོན་ཚོགས་ཆུང་གིས་ཁྱད་ཆོས་ལྡན་པའི་དཔལ་འབྱོར་ལོ་ཏོག་ཚོད་འདེབས་རྣམ་གྲངས་ལག་ལེན་བསྟར་ཏེ། ས་གནས་གཞན་གྱི་ཁེ་ལས་ཀྱི་ཞོག་ཁོག་རྒྱུད་སྤེལ་ལེགས་ཆ་དང་ས་གནས་དེ་གའི་ཁེ་ལས་ཀྱི་སྣ་ཁའི་ཐོན་ཁུངས་ལེགས་ཆ་བཏོན་པ་དང་། “ཨེ་མ་སྒང་ཞོག་ཁོག”ཁྲི་20བཏབ་པ། སྣ་ཁ་སྤུས་ལེགས་10ལྷག་ཙམ་ནང་འདྲེན་དང་གསོ་སྤེལ་བཅས་བྱས་པ་མ་ཟད། ལས་སྣོན་ཞིབ་ཚགས་ཐོན་ལས་འཕེལ་རྒྱས་ཐད་རྗེས་སུ་ལུས་པ་དང་། སྒུལ་ནུས་མི་འདང་བ། ཐོན་ནུས་ཀྱི་ཕན་འབྲས་དམའ་བ་སོགས་ཀྱི་གནད་དོན་ལ་དམིགས་ནས། བྲོ་བ་སྐྱུར་ཚའི་ཞོག་ཕིང་ལས་སྣོན་བཟོ་གྲྭ་གསར་དུ་བསྐྲུན་པ་དང་། ཐོན་རྫས་གསར་པ་གསར་སྤེལ་དང་ལས་སྣོན་འཚོལ་ཞིབ་བྱས་ཤིང་། སྡེ་ཚན་དང་། ཚན་པ། དེ་བཞིན་འབྲེལ་ཡོད་ཁེ་ལས་སྒྲིག་འཛུགས་བྱས་ནས་ཀན་སུའུ་དང་། ཧོ་པེ། ཧྲན་ཏུང་སོགས་ཀྱི་ལས་སྣོན་ཁེ་ལས་ལ་ས་ཡུལ་དངོས་ཀྱི་བརྟག་ཞིབ་བྱས་ནས་མཉམ་ལས་འབྲེལ་བ་བཙུགས་ཏེ། མངགས་ཐོ་འདེབས་འཛུགས་དང་མངགས་བཅོལ་ལས་སྣོན་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་ལོ་ལྟར་ལས་སྣོན་ཞོག་ཁོག་ཏུན་6000ལྷག་ཙམ་བཙོངས་ཏེ་མང་ཚོགས་ལ་སྐུལ་ཁྲིད་ཀྱིས་ཡོང་འབབ་སྒོར་ཁྲི་600ཙམ་འཕར་བ། མང་ཚོགས་ཀྱིས་སིལ་ཚོང་མ་གནས་མཐོ་བ་དང་ཕན་འབྲས་དམའ་བ་སོགས་ཀྱི་གནད་དོན་ལ་དམིགས་ནས་འདེབས་འཛུགས་དུད་ཚང་ཆེ་གྲས་དང་ཞིང་འཕྲུལ་མཉམ་ལས་ཁང་སྒྲིག་འཛུགས་བྱས་ནས་མངགས་ཐོ་རྣམ་པའི་ཕྱིར་འཚོང་ལ་བརྟེན་ནས་ལོ་རེར་ཡོང་འབབ་སྒོར་ཁྲི་400ལྷག་ཙམ་བྱུང་ཡོད། གཞན་ཡང་ད་དུང་དྲ་ཐོག་ཆེད་ལས་ལས་སྟེགས་བཙུགས་ནས་ལྗོངས་ཕྱིའི་ཁྲོམ་ར་ཆེན་པོ་གསར་འབྱེད་བྱས་ཏེ་ཝེ་ཧྥང་གྲོང་ཁྱེར་དུ་བོད་ཀྱི་ཁྱད་ཆོས་ལྡན་པའི་ཐོན་རྫས་ཉམས་ལེན་ཁང་བསྐྲུན་ཡོད།
ཀྲའོ་ཡན་ལེང་གིས“བྱེད་ཐབས་རབ་དང་རིམ་པ་འདི་དག་ཚང་མ་ཐོན་ལས་ཀྱི་རྒྱ་སྟོབས་ཆེ་རུ་གཏོང་བ་དང་རྣམ་གླིང་རྫོང་གིས་རྒྱལ་ཁབ་ས་མཐོའི་ཞོག་ཁོག་ཐོན་ལས་ཀྱི་མཐོ་ས་བསྐྲུན་རྒྱུར་རམ་འདེགས་བྱས་ནས་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་སྐུལ་སྤེལ་གཏོང་ཆེད་ཡིན”ཞེས་བཤད།
རྣམ་གླིང་རྫོང་དུ“ཨེ་མ་སྒང་ཞོག་ཁོག”འདེབས་འཛུགས་འཕེལ་རྒྱས་གཏོང་བ་ནི་ཧྲན་ཏུང་གི་ཐོན་ལས་བོད་སྐྱོར་གྱི་མཚོན་ཚུལ་ཙམ་རེད། བསམ་གྲུབ་རྩེར་ནས་བཏབ་པ་དང་། གཉའ་ནང་དུ་བོད་སྨན་བཟོ་བ། པ་སྣམ་དུ་སྔོ་ཚལ་འདེབས་པ། ངམ་རིང་དུ་བཟང་བཟང་གི་ནོར་གནག་གསོ་ཚགས་བྱེད་པ་སོགས་ཁ་གཏད་བོད་སྐྱོར་གྱི་རྫོང་དང་ཆུས་ཀྱི་དོན་དངོས་དང་ཐོན་ཁུངས་ཀྱི་ཁྱད་ཆོས་ལ་དམིགས་ཏེ། ཧྲན་ཏུང་གིས་བོད་སྐྱོར་བྱེད་རིང་ཇུས་འགོད་ཞིབ་ཕྲ་བྱས་པ་དང་འབྲེལ། རོགས་སྐྱོར་བྱེད་ཤུགས་རྒྱུན་མཐུད་ཆེ་རུ་བཏང་ནས་སྤུས་རྟགས་སྟོབས་ཆེར་བཏང་བ་རེད།
བོད་ཀྱི་ཐོན་ཁུངས་ལ་གཞི་ཚུགས་ནས་བོད་སྐྱོར་གྱི་ལེགས་ཆ་གང་ལེགས་བཏོན་ཞིང་། བོད་ཀྱི་སྲོལ་རྒྱུན་ཐོན་ལས་སྒྱུར་བཀོད་དང་རིམ་སྤོར་བྱས་ནས་དེར་ཁྲོམ་རའི་འགྲན་རྩོད་ནུས་པ་སྔར་བས་ལྡན་པར་བྱ་རྒྱུ་དེ་བོད་སྐྱོར་ལས་དོན་རུ་ཁག་གི་ཐུན་མོང་ངོས་འཛིན་ཞིག་ཏུ་གྱུར་ཡོད་ལ་བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལྷུ་ཚིགས་གལ་ཆེན་ཞིག་ཏུའང་གྱུར་ཡོད།
ཁྲོམ་ར་ཡངས་པོར་དམིགས་བསལ་ཐོན་རྫས་འཚོང་བ།
བོད་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་ཡོད་མོད། འོན་ཀྱང་རི་བོ་མཐོ་བ་དང་ལམ་ཐག་རིང་བའི་ཁར་ཐོན་ལས་འཕེལ་རྒྱས་རྗེས་སུ་ལུས་པས། ཁྲོམ་རར་གནས་བབ་ངེས་ཅན་ཞིག་འཛིན་རྒྱུ་དཀའ་ལས་ཁག་པོ་ཡོད། ཁ་གཏད་བོད་སྐྱོར་ནི་བོད་ཀྱི་ཐོན་རྫས་ཡུལ་གཞན་དུ་འཚོང་རོགས་བྱེད་པ་ཞིག་ཡིན་ལ། དེ་བས་གལ་ཆེ་བ་ཞིག་ནི་རྒྱུན་མཐུད་ཀྱི་འགྲན་རྩོད་ནུས་པ་ཆགས་པར་བྱེད་པ་དེ་རེད།
ཧོ་པེའི་བོད་སྐྱོར་གྱི་རམ་འདེགས་འོག 2024ལོའི་སྐབས་ལྔ་པའི་ཁུལ་ལྡན་ར་དཀར་པོའི་ཁུ་ལུ་མྱོང་དཔྱད་དང་ཐོན་རྫས་ཧབ་ཚོང་བྱེད་རིང་། མངའ་རིས་རུ་ཐོག་རྫོང་གིས་ཁྱོན་བསྡོམས་ཁུ་ལུ་ཏུན་41ཙམ་བཙོངས་པ་དང་ཧབ་ཚོང་བྱེད་ཚད་སྒོར་ཁྲི་1332.95ཟིན་ནས་དུད་ཚང་རེའི་མང་ཚོགས་ཀྱི་ཡོང་འབབ་སྒོར་5700ལྷག་ཙམ་རག་རྒྱུར་སྐུལ་ཁྲིད་བྱས་ཤིང་། དེའི་ནང་ཁུ་ལུ་འཇམ་པོ་ཏུན་2ཡོད་པར་ཧབ་ཚོང་རིན་གོང་སྤྱི་རྒྱ་རེར་སྒོར་650ཟིན་པ་དེ་སྤྱིར་བཏང་གི་ཁུ་ལུ་སྤྱི་རྒྱ་རེར་སྒོར་300ཙམ་གྱི་རིན་གོང་ལས་ཆེས་ཆེར་བརྒལ་ཡོད་པ་རེད།
སྔོན་ཆད་རུ་ཐོག་གི་རའི་ཁུ་ལུ་ནི་ཚོང་པས་ཁ་ཐོར་ཉོ་སྒྲུབ་དང་ཁ་ཐོར་ཕྱིར་ཚོང་བྱེད་ཀྱི་ཡོད་པས། “སྤུས་ཀ་ལེགས་ཀྱང་རིན་གོང་མཐོ་པོ་རག་གི་མེད་པའི”གནས་ཚུལ་ལྷག་གི་ཡོད། དཀའ་གནད་དེ་སེལ་ཆེད། 2020ལོ་ནས་བཟུང་། ཧོ་པེ་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་གིས་ཁུ་ལུ་ཧབ་ཚོང་ཕྱིར་ཚོང་བྱེད་སྟངས་ཐོག་མར་གསར་གཏོད་བྱས་ཏེ་རུ་ཐོག་རྫོང་གི་རའི་ཁུ་ལུ་གཅིག་གྱུར་བསྡུ་རུབ་དང་གཅིག་གྱུར་ཧབ་ཚོང་བྱས་པ་རེད། 2024ལོའི་ལོ་མཇུག་བར། རུ་ཐོག་རྫོང་གི་ཁུལ་ལྡན་ར་དཀར་པོ་གསོ་སྤེལ་གཞི་ཁྱོན་མགོ་གྲངས་ཁྲི་16.6ཟིན་པ་དང་། ཁུ་ལུ་ཐོན་ཚད་ཏུན་40ནས་45བར་བརྟན་པོ་ཡོད་པ། རའི་ཁུ་ལུར་ལོ་རེར་ཐོན་ཚད་རིན་ཐང་སྒོར་ཁྲི་1400ཙམ་ཟིན་པ་མ་ཟད། རུ་ཐོག་རྫོང་ལ་ད་དུང“ཀྲུང་གོའི་སྤུས་ལེགས་རའི་ཁུ་ལུའི་རྫོང”གི་མཚན་སྙན་ཡང་ཐོབ་ཡོད།
བོད་སྐྱོར་གྱི་ལེགས་ཆ་སྤྱད་དེ་བོད་ཀྱི་དངོས་ཟོག་ཡག་པོ་རྒྱུན་ཆད་མེད་པར་རྒྱལ་ཡོངས་ཀྱི་ཁྲོམ་རར་འདོན་བཞིན་ཡོད། ན་ནིང་ཟླ་11པར། པེ་ཅིང་གི་བོད་སྐྱོར་ལས་དོན་རུ་ཁག་གིས་ལྷ་སའི་སྤུས་ལེགས་ཞིང་ཞོར་ཐོན་རྫས་སྒྲིག་འཛུགས་བྱས་ནས་2024ལོའི“པེ་ཅིང་གིས་དངོས་ཟོག་ཡག་པོ་འདེམས་པ། རྫོང་གཅིག་ལ་ཐོན་རྫས་གཅིག”གི་འཛད་སྤྱོད་རོགས་སྐྱོར་གྱི་ཆེད་དོན་འོས་སྦྱོར་བྱེད་སྒོ་སྤེལ་བ་རེད། དེ་གོང་། པེ་ཅིང་གི་བོད་སྐྱོར་ལས་དོན་རུ་ཁག་གིས་ད་དུང་བོད་སྐྱོར་ལས་དོན་རུ་ཁག་16དང་མཉམ་དུ་ཐོན་རྫས་རིགས་350ལྷག་ཙམ་ཁྱེར་ནས་བོད་ཀྱི་སྤུས་ལེགས་ཐོན་རྫས་པེ་ཅིང་དུ་འདོན་པའི་བྱེད་སྒོ་སྤེལ་བ་རེད།
ལོ་30ལྷག་ཙམ་རིང་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་གྱིས་རང་ཉིད་ཀྱི་ཁྲོམ་ར་ཆེན་པོ་གང་ལེགས་སྤྱད་དེ་ལངས་གཟུགས་སྣ་མང་ཅན་གྱི་ཕྱིར་ཚོང་ལས་སྟེགས་དང་ཐབས་ལམ་བཏོད་པ་དང་། “བོད་ཀྱི་ཐོན་ཁུངས”དང་བོད་སྐྱོར་ཁྲོམ་ར་ཟུང་འབྲེལ་དམ་ཟབ་བྱས་ཏེ། “བོད་ཀྱི་དངོས་ཟོག་བོད་ནས་ཕྱིར་གཏོང་བྱེད་པའི”གོམ་སྟབས་རྒྱུན་ཆད་མེད་པར་མགྱོགས་སུ་བཏང་ཡོད།
སྣམ་བུ་ནི་བོད་ཀྱི་སྲོལ་རྒྱུན་གྱི་བལ་གྱིས་བཏགས་པའི་ཐོན་རྫས་ཤིག་རེད། ཧྲང་ཧའེ་ཡི་བོད་སྐྱོར་ཁེ་ལས་ཀྱི་རོགས་རམ་འོག རྒྱལ་རྩེ་རྫོང་སྣམ་བུ་བསླས་འཐག་མཉམ་ལས་ཁང་གིས་འཐག་ཁྲི་ལེགས་བཅོས་བྱས་པས་ཐོན་རྫས་ཇུས་འགོད་བྱེད་སེམས་ཆེ་རུ་ཕྱིན་ཡོད། ད་ཆ་སྣམ་བུའི་ཐོན་རྫས་ཧྲང་ཧའེ་ཡི་ཧྲ་ཅོན་ཁུ་ལུའི་སྤུས་རྟགས་དང་མཉམ་དུ་ཕ་རི་སིའི་དར་སྲོལ་འགྲེམས་ཚོགས་སུ་བཏོན་ཏེ་རྒྱལ་སྤྱིའི་ཁྲོམ་རར་ཞུགས་ཐུབ་ཡོད། ཧྲ་ཅོན་ཁུ་ལུའི་སྤུས་རྟགས་ཀྱི་སྲོལ་གཏོད་པ་ཀུའོ་ཞིའུ་ལིང་གིས། འབྱུང་འགྱུར་ཁོང་ཚོས་ད་དུང་སྤུས་ལེགས་སྣམ་བུའི་ཐོན་རྫས་ཀྱི་ཁྲོམ་ར་དེ་བས་ཆེ་བ་གཏོད་རྩིས་ཡོད་ཅེས་བརྗོད།
ཁ་གཏད་རོགས་སྐྱོར་ནི་བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གལ་ཆེན་ཞིག་རེད། གསར་དར་ཐོན་ལས་རྒྱུན་ཆད་མེད་པར་ཐོན་པའི་དུས་བབ་གསར་པར་བོད་ལྗོངས་ནི་ཟུར་ནས་ལྟ་མཁན་ཞིག་མིན་པར་ཞུགས་མཁན་ཞིག་ཏུ་གྱུར་ཡོད། སྲོལ་རྒྱུན་ཐོན་ལས་ཀྱི་སྤུས་ཚད་མཐོར་གཏོང་དང་རིམ་སྤོར་གྱི་འཕེལ་ཕྱོགས་འོག བོད་ལ་གོ་སྐབས་དང་། རམ་འདེགས། སྒུལ་ཤུགས་བཅས་དེ་བས་མང་བ་ཐོབ་པ་དང་། བོད་ཀྱི་ཁྱད་ལྡན་ལེགས་ཆའི་ཐོན་རྫས་གྲུ་གཡར་མཚོ་སྒྲོལ་བྱས་ནས་རྒྱལ་ནང་དང་རྒྱལ་སྤྱིའི་ཁྲོམ་ར་ཆེན་པོར་རྒྱུན་ཆད་མེད་པར་མཉམ་འདྲེས་བྱས་ཡོད། ཁ་གཏད་རོགས་སྐྱོར་གྱི་རམ་འདེགས་འོག བོད་ཀྱི་འཕེལ་རྒྱས་ལ་ཡར་ངོའི་ཟླ་ལྟར་གོང་དུ་འཕེལ་བའི་རྣམ་པ་མངོན་བཞིན་མཆིས།